国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གང་ཞིག་ཡིད་དུ་སྨོན་པའི་གསང་གཏམ་།

ལོ་ཟླ་ནི་སུས་ཀྱང་འཛིན་མི་ནུས་པའི་དངོས་པོ་ཞིག་ཡིན་ལ་ཅི་འདྲའི་མགྱོགས་པ་ཞིག་རེད་ཨང་། དབྱར་ཟླ་གསུམ་གྱི་མཛེས་སྡུག་དབྱིངས་སུ་ཡལ་ནས་སྟོན་འཇུག་གི་དུས་ཚིགས་སུ་སླེབས། དེའི་ཚེ་ཆུ་སྐྱེས་དང་རི་སྐྱེས་སོགས་ཉི་མས་གདུང་བར་མགོ་ལྕོག་བསྒུར་ནས་ལྷད་མེད་པའི་རང་མདངས་དེ་ཡལ་བར་བྱས། གལ་ཏེ་ངའི་བརྩེ་བ་དེ་མེ་ཏོག་ཅིག་དང་མཚུངས་བར་བཤད་ན་ངས་ཐོག་མར་ཞེན་ཆགས་ཀྱི་ཁ་བ་དང་ལྷད་མེད་པའི་འདུན་པ་ཆགས་སྐབས་དཔྱིད་དཔལ་གྱི་མྱུ་གུ་སྨིན་པ་ཞིག་ཡིན་ལ། དེའི་ཁྲོད་དུ་འུ་གཉིས་མེ་ཏོག་དང་རྐང་དྲུག་གཞོན་ནུ་གཉིས་དང་ཀུན་ནས་མཚུངས་པར་ཕན་ཚུན་ལ་བརྩེ་བའི་འདུན་པ་བཅངས་ནས་མཛའ་མཐུན་གྱི་མཚར་སྡུག་སྲིད། མེ་ཏོག་གི་མཚར་སྡུག་ཡོངས་སུ་སྨིན་ལེགས་རྒྱས་ནས་དབྱར་དུས་ཀྱི་དུས་ཚིགས་སླེབས་སྐབས་དེ་ནི་ང་རང་ཁྱེད་དང་ཕྲད་པ་ཀུན་ནས་མཚུངས་ལ་ངའི་སེམས་སུ་ཉར་བའི་ཞེན་ཆགས་ཀྱི་རི་མོ་དང་དྲན་གདུང་གི་མུན་པ་ཡལ་བར་གྲོལ་ནས་གདོང་ལ་འཛུམ་ཞལ་ཞལ་གྱི་སོ་སྒོ་རབ་ཏུ་མཛེས་ཤིང་དེ་ནི་ཁྱེད་ཀྱི་ཡིད་འོང་གིས་རྐང་དྲུག་འགུག་པ་དང་མཚུངས། ད་ལྟ་ངའི་བརྩེ་བའི་འདུན་མ་དབྱིངས་སུ་གྲོལ་ལ་སྨྲས་མ་ཐུབ་པའི་ཞེན་ཚིག་གིས་མནར་གཅོད་གགཏོང་། ཁྱེད་ཀྱང་ཚ་ལམ་ལམ་འཕྲོས་པའི་ཉི་འོད་དེས་མཚར་སྡུག་བཅོམ་སོང་ལ་འགོ་ལྕོག་ཐུར་དུ་བསྒུར་ནས་ཉམ་ཐག་པའི་གནས་སུ་ལྷུང་འདུག། གལ་ཏེ་ཁྱེད་རང་སླར་ཡང་བཞད་ཆོག་པར་ཡིན་ན་གནས་འདི་རུ་བཞད་དམ། གལ་ཏེ་ཁྱེད་རང་གཏན་དུ་ཁོར་ཡུག་འདི་དང་བྲལ་བ་ཡིན་ལ་ཚེ་སྐལ་གྱི་སྐུད་པ་ཡོངས་སུ་རྫོགས་པ་ཡིན་ན་ཁྱེད་ཀྱིས་གནས་འདི་ལ་ཞེན་ཆགས་ཀྱི་སེམས་པ་ཤི་བོ་ཞིག་དང་བརྗེད་མི་ཐུབ་པའི་ལོ་རྒྱུས་དེ་ང་ལ་བཤད་ན་ཆོག་གམ། ངས་དེ་དང་ནང་བཞིན་ངའི་བརྩེ་བ་དེ་བློས་མི་གཏོང་བར་སྙན་ངག་གི་ལོ་རྒྱུས་རིང་མོ་ཞིག་འབྲི་ན་འདོད། ང་རང་གནས་འདི་ནས་གྱེས་སྐབས་ཁྱེད་ནི་མཛེས་ཤིང་ཡིད་འོང་གི་མཛེས་བརྒྱ་གྲོལ་ནས་རྐང་དྲུག་གི་ཚོགས་པ་ཡོངས་སུ་ཁྱེད་ཀྱི་ཕྱོགས་སུ་བསྐྱོད། ང་རང་གནས་འདི་ལ་སླར་ཡང་སླེབས་སྐབས་ཁྱེད་ཀྱི་ཚེ་སྐལ་གྱི་དུས་ཚོད་རྫོགས་ལ་ཉེ་ཞིང་ཤིན་ཏུ་ཉམ་ཆགས་ལ་ཡིད་སྐྱོ་བ་ཞིག་ཡིན་འདུག། དེ་སྐབས་ངས་ཁྱོད་ལ་ངའི་བརྩེ་བ་ནི་ཁྱེད་དང་མཚུངས་པར་ང་རང་གནས་འདི་ནས་གྱེས་སྐབས་བརྩེ་བའི་མེ་ཏོག་བཞད་ལ་འདུན་པའི་མཚོ་མོ་འཁྱིལ། ང་རང་སླར་ཡང་གནས་འདི་རུ་སླེབས་སྐབས་བརྩེ་བའི་མེ་ཏོག་སད་ཀྱིས་བཅོམ་ལ་འདི་རུ་ཡོང་བའི་ངའི་ཕུང་བོ་དེ་ཐོ་ཡོར་དང་གཉིས་སུ་མེད། ད་ནི་བསམ་བློ་ཅི་ཞིག་འགྲིག་གི་མེད་པ་འདྲ། ཐ་ན་རང་ཉིད་རང་ལ་ཡང་ཡིད་ཆེས་མེད་པ་དང་སུ་ཡང་སྙིང་ཉེ་བ་མི་ཕོད་པར་གྱུར་འདུག། མི་དག་ནི་དབྱར་ནས་སྟོན་ལ་ཚེས་པ་བཞིན། ཉིན་ནས་མཚན་མོ་ཐོན་པ་བཞིན་རིམ་པར་འགྱུར་འགྲོ་ལ་རིམ་པར་ཆ་ཡོད་ཆ་མེད་དུ་འགྱུར་འགྲོ་བ་དེ་ནི་ངས་ཧ་ཅང་ཡིད་ཆེས་མི་ཕོད་པའི་བསམ་གཞིག་ཇི་ལྟར་འཁོར་ཡང་གཏིང་མི་ཐུབ་བ་དེ་རེད། ངའི་སེམས་སུ་ནངས་ཀ་ང་རང་འཆི་དགོས་པ་ཤེས་པ་ནང་བཞིན་ཡིད་མི་ཆེས་པ་དང་སེམས་ལྷོད་ལ་འབབ་མི་ཐུབ་ལ་བྲེལ་ཚུལ་ངང་བདག་པོ་བོར་སོང་བའི་སྒོ་ཁྱི་ནང་བཞིན་ཇི་ལྟར་བསམ་བློ་ཡར་མར་འཁོར་ཡང་རང་ཉིད་ཀྱི་སེམས་ལྷོད་ལ་འབབ་ཐུབ་པའི་གནས་ལུགས་ཡག་པོ་ཞིག་རྙེད་མ་སོང་། ངའི་མི་ཚེ་དང་འཚོ་བ་འདི་ལྟར་བསྐྱལ་དགོས་སམ། དོན་དམ་པར་ངས་རང་གི་འཚོ་བ་ག་འདྲ་ཞིག་རོལ་དགོས་པ་་ཤེས་བཞིན་མེད་པ་འདྲ། ཡང་ན་འཚོ་བ་ལ་དོ་སྣང་ཆེན་པོ་བྱེད་མེད་པ་འདྲ། དེ་ནི་ངའི་བརྩེ་བ་ཁྱེད་ནང་བཞིན་སྟོན་འཇུག་རྫོགས་ཕྱིར་ཡིན་ནམ། ད་ནི་དབྱར་ནས་སྟོན་ནས་དགུན་ལ་སླེབས་ལ་ཉེ།ཁྱེད་ཀྱང་ཡུལ་གནས་འདི་ནས་གྲིབ་མ་ཙམ་ཡང་མེམི་འདུག།།

༼ དགེ་གྲྭ་རྒྱལ། ༽