༡
ཀ་ཁའི་དབྱངས་རྟ་སྙན་མོ་ཡིས། །
མི་སེམས་སྒུལ་བའི་ཚོར་བ་འབུམ། །
དབྱངས་འགྲོས་སྙན་པ་ལ་བསྐྱོན་ནས། །
ཀ་ཁའི་ཟློས་གར་འདི་ནས་གཡོ། །
༢
བོད་ཀྱི་དབྱངས་གསལ་སོ་བཞི་ཡིས། །
བོད་པའི་འབྲོག་ཡུལ་འཚོ་བ་བརྗོད། །
བོད་པའི་མྱི་དཀྱུས་ཕལ་པ་ཡིས། །
བོད་པའི་གནས་ཡུལ་གཞན་ལ་སྟོན། །
༣
བོད་ཡུལ་གནས་པའི་བུ་ཕྲུག་གིས། །
བོད་ཀྱི་ཁོར་ཡུག་གཟེངས་སུ་བསྟོད། །
བོད་ཁུལ་ནང་གི་བོད་རིགས་ཀྱིས། །
བོད་པའི་རིག་གནས་བེད་སྤྱོད་བྱེད། །
༤
བོད་ཡུལ་སྐྱེས་པའི་བོད་ཕྲུག་ཚོས། །
བོད་ཡུལ་གཅེས་པའི་བརྩེ་འདང་ཟབ། །
བོད་པའི་སྲོལ་རྒྱུན་ཕྲ་རགས་ཀུན། །
བོད་པའི་མི་ཡིས་འཛིན་སྐྱོང་བྱེད། །
༥
དྭངས་གཙང་བཻཌཱུར་མཐོ་བའི་གནས། །
གངས་ལྗོངས་གསེར་གྱི་ལུང་པའི་ཚལ། །
ལྷག་བསམ་འོ་མའི་དཀར་གཙང་གིས། །
ཁྱད་འཕགས་གདོང་དམར་ཞེས་སུ་འབར། །
༦
མཐོ་སྒང་འཛིན་མ་ཡངས་པ་རུ། །
རིན་ཆེན་སྣ་མང་གཏེར་བརྒྱ་གཏམས། །
ཁོར་ཡུག་དགའ་ཚལ་མཛེས་སྡུག་ནང་། །
བསྒྲུན་པར་མི་འོས་མཐོ་སྒང་ལྗོངས། །
༧
གངས་འདབས་པང་གི་ཡུལ་གྲུ་ན། །
འབྲོག་སྡེ་ཁྱུ་ཡི་གཞིས་ཀ་གནས། །
འབྲོག་ཕྲུག་དར་མའི་ལང་ཚོ་དག །
ངོམ་པའི་གཞིས་ཀ་དེ་རུ་དར། །
༨
འབྲོག་པའི་འཚོ་བ་དགའ་མ་སྡུག །
ཅི་ཡང་འཚོ་བའི་ཡུལ་ལྗོངས་དེ། །
བོད་པའི་སྲོལ་རྒྱུན་རིག་གནས་དག །
འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གནས། །
༩
སྦྲ་ནག་གྲུ་བཞིའི་ནང་རོལ་ན། །
འབྲོག་ཕྲུག་དག་གིས་རྩེད་བྲོ་རྡུང་། །
ཐབ་ཀའི་འགྲམ་གྱི་དྲོད་ས་ན། །
འབྲོག་པའི་བུ་མོས་གླུ་དབྱངས་ལེན། །
༡༠
མཚན་ལྗོངས་ཁྲོད་ཀྱི་སྦྲ་ཁྱིམ་ནང་། །
མར་དཀར་གཙང་མའི་སྒྲོན་མེ་སྦར། །
གསལ་ལ་མི་གསལ་དེ་འོག་ལ། །
འབྲོག་པ་འགའ་ཡི་དགོད་འཛུམ་མངའ། །
༡༡
ཞོགས་པའི་སྐྱ་རེངས་འཆར་དང་ལྷན། །
བསང་དུད་སྔོན་མོས་སྟོད་ཕྱོགས་སུ། །
བསྐྱོད་པའི་ཉམས་ཀྱིས་རབ་ཏུ་སྒེག །
བར་སྣང་དབྱིངས་སུ་དལ་བུར་ཡལ། །
༡༢
དགོ་དགོ་འབྲི་མོ་བཞོ་དབྱངས་ཀྱིས། །
ལྷས་རའི་ནང་ན་སྙན་པ་བསྐྲུན། །
ལྷད་མེད་བོད་པའི་སྲོལ་རྒྱུན་འདི། །
འབྲོག་སྡེའི་ནང་ན་གནས་པ་ཡིན། །
༡༣
ལུས་དྲི་གཙང་པའི་སྐེད་མེད་མ། །
ལུས་ལ་གྱོན་པའི་བོད་ཆས་མཛེས། །
རྣ་ལ་གཡུ་ཡི་རྣ་རྒྱན་འདོགས། །
སྐེ་ལ་གཟི་དང་བྱུ་རུ་བཏགས། །
༡༤
གཞན་སྐད་མི་སྨྲ་རང་སྐད་བཤད། །
གཞན་རྒྱན་མི་འདོགས་རང་རྒྱན་བཏགས། །
གཞན་ཡིག་མི་ཤེས་རང་ཡིག་ཤེས། །
བོད་མི་རྣལ་མ་འབྲོག་ཡུལ་ཡོད། །
༡༥
ལུས་ལ་གཞན་གྱི་དྲི་ཞིམ་མེད། །
རང་བྱུང་དྲི་ཞིམ་སྣ་ལ་འཐུལ། །
གདོང་ལ་རྫས་འགྱུར་འདྲ་མིན་མེད། །
རང་བྱུང་དཀར་དམར་རབ་ཏུ་མཛེས། །
༡༦
འགྲོ་བའི་ཉམས་སྟབས་སྒེག་པའི་དཔལ། །
འབྲི་མོ་བཞོ་བའི་ཉམས་བཟང་ལ། །
བོད་པའི་བུ་མོ་ཁྱད་ཆོས་མངོན། །
ཅི་ཙམ་བལྟས་ཀྱང་ཚིམ་དུ་མེད། །
༡༧
འབྲོག་མོའི་ཞལ་རས་རང་བྱུང་ཅན། །
མཁུར་ཚོས་གཡས་གཡོན་ཅུང་ཟད་དམར། །
མཆུ་སྒྲོས་སྣེ་མོ་སྣུམ་བག་ལྡན། །
སྐྲ་ལོ་ནག་པོས་རྒྱབ་གཟུགས་བསྐྱོད། །
༡༨
གཤིས་སྤྱོད་ཡ་རབས་གུས་བཀུར་ལ། །
མི་སེམས་བརྒྱ་ཡི་ཡི་རངས་ཡོད། །
གཉོམ་པའི་ལང་ཚོ་གཞོན་ཤ་དེར། །
མི་སེམས་ཚོགས་ཀྱི་སེམས་པ་བཅོམ། །
༼ སྙན་རྐང་གླིང་། ༽
