དོ་དགོང་ཟླ་བ་ཉ་གང་ཡང་། འཇིག་རྟེན་སྔར་བཞིན་མུན་ནག་ཏུ་སྣང་། ངས་ཟླ་འོད་ལ་བརྟེན་ནས་རང་ལམ་བཙལ་ཀྱང་། མུན་སྟུག་པོས་ཅི་ཡང་མཐོང་མ་བྱུང་། ང་དལ་བུར་མུན་ནག་ཁྲོད་སྐྱོད་དུས། འཇིག་རྟེན་འདི་ཧ་ཅང་ལྐོག་གྱུར་ཞིག་ཏུ་སྣང་ཞིང་། ང་ཡང་ལྐོག་གྱུར་གྱི་འཇིག་རྟེན་ཞིག་ན་འཚོ་བཞིན་པ་རྟོགས། ངས་ཟླ་འོད་འོག་གི་མཚན་མོ་ལ་བརྟེན་ནས་བསམ་གཞིག་མང་དུ་བཏང་། ས་སྟེང་འདིར་ང་གཅིག་པུ་ལས་མེད་ཅིང་། ནམ་མཁར་ཡང་ཟླ་བ་གཅིག་པུ་ལས་མི་འདུག་པས། ངེད་གཉིས་ཀྱིས་ཕན་ཚུན་ལ་སེམས་གཏམ་གླེང་ཆོག་ཨང་།
ཟླ་བ་ཅུང་ཙམ་སྐྱེངས་བར་གྱུར་ནས་མགོ་བོ་དང་གར་སྨད་དེ་སུ་ཞིག་དྲན་བཞིན་བདོག། མུན་པ་ཡང་ཅུང་ཙམ་ཆེ་རུ་ཕྱིན་ཏེ་མཚན་མོ་གཅིག་པུ་དམར་རྗེན་དུ་ཕུད། གནམ་ས་འདིར་ངས་ཟླ་བར་ལྟ་ཞིང་ཟླ་བས་ང་ལ་གཟིགས། མོས་ཕལ་ཆེར་ང་རང་མོའི་ཟླ་བོར་བསམས་འདུག། ངས་ཀྱང་ཟླ་བ་གཅིག་པུ་རང་གི་མཛའ་མོར་བསམས་ནས་དྲན་འཆར་མང་དུ་བྱས། ངེད་གཉིས་ནི་གནམ་ས་འདིའི་ཁེར་རྐྱང་གི་སེམས་ལྡན་གཅིག་པུ་དེ་ཡིན་པས། སུ་ཞིག་གིས་ཀྱང་ངེད་གཉིས་ཀྱི་སྐྱོ་གདུང་དང་དྲན་པ་ག་ལ་རྟོགས། ཆུ་འཛིན་ནག་པོ་འགས་ཟླ་བ་བསྒྲིབས་བྱུང་། ངས་རང་དབང་མེད་པར་མིག་ཆུ་བཏོན། མཚན་མོ་འདིར། ཁྱེད་གཅིག་པུས་བདག་གི་སྐྱོ་གདུང་གི་སེམས་པ་གསོ་ཐུབ་ཅིང་། ཁྱེད་གཅིག་པུས་བདག་ལ་དྲོད་ཁོལ་དང་འོད་སྣང་འབྱིན་ནུས། ནག་རོག་རོག་གི་སྤྲིན་གསེང་ནས་དཀར་ལམ་ལམ་གྱི་ཟླ་འོད་ལན་འགར་འཕྲོས་པས། བདག་ལ་ད་དུང་མཐའ་འཇུག་གི་རེ་བ་ཡོད་སྲིད་སྙམ།
ལྷགས་རླུང་གི་རྒྱུ་བས་གནག་ཕྱུགས་དག་འདར་ཟིག་ཟིག། མེ་ཏོག་གི་ཚོགས་ཀྱིས་མཐུན་པའི་དཔུང་རྡང་དམ་པོར་སྦྲེལ་བས་གནོད་སྐྱོན་ཆེན་པོ་མེད་ཀྱང་ལུས་ཅུང་གཟུར་བར་གནས་འདུག། ནམ་མཁའི་རྒྱུ་སྐར་རྣམས་ཀྱང་གྲང་དྲགས་པས་གང་ཞིག་མགོན་སྐྱོབ་ཏུ་རེ་ཡང་དེ་ཉིད་སྤྲིན་གྱིས་བསྒྲིབས་པས་མྱུར་བར་ག་ལ་སླེབས། མཐའ་ཡས་པའི་རྩྭ་ཐང་འདིར་ལང་ལོང་གི་དུ་སྨུག་དགོང་དུ་འཕྱུར་བ་དང་བསྟུན་ནས་སྤྲིན་ནག་ཀྱང་ཆེ་རུ་ཕྱིན་ཏེ་ནམ་མཁའ་སྒྲིབ་ཅིང་ཟླ་འོད་སྒྲིབ། འོན་ཀྱང་། བདག་གི་སེམས་པ་སྒྲིབ་པ་མེད་པར་ཁྱོད་རང་དྲན།མཚན་མོ་འདིར་ཁྱོད་གང་དུ་གནས། ཁྱོད་ཀྱིས་ཟླ་བར་བལྟས་ནས་ང་རང་དྲན་གྱིན་ཡོད་དམ།བསེར་བུ་འཇམ་པོ་ཞིག་གིས་མེ་ཏོག་སྣ་བརྒྱའི་དྲི་བསུང་འཐུལ་ནས་བདག་གི་སྣ་རུ་བརྒྱུད་སྐབས་ངས་དེ་ཉིད་ཁྱོད་ཀྱི་དྲི་བསུང་དུ་བསམས་ནས་དལ་བུར་རྔུབ།
ཆུ་སྤྲིན་ནག་པོ་དག་མཚན་རླུང་གིས་ཅུང་ཙམ་གཏོར་བས།ཟླ་བ་ཡང་དལ་བ་དལ་བུར་སྤྲིན་གསེང་ནས་མངོན་བྱུང་།སྒོ་ཕྱུགས་དག་སྔ་མོ་ནས་མལ་དུ་ཉལ་ཞིང་།སྒོ་ཁྱིས་ཀྱང་ཟུག་སྐད་ལན་འགར་བཏོན་རྗེས་ཁོ་ཡང་ངལ་དུབ་ཀྱིས་གཟིར་ནས་གཉིད་དུ་ཡུར།བདག་གིས་མིག་སྐྱི་ཡར་བཏེགས་ནས་ཁྱོད་ཉིད་ཟླ་བ་ལས་མངོན་པར་རེ་ལྟོས་འཆངས།དེ་རིང་གི་མཚན་མོར་ང་ལ་གྲང་ཚོར་མེད།ང་ལ་སྐྱོ་ཚོར་བདོག། ང་ལ་བདེ་ཚོར་མེད།ང་ལ་དྲན་ཚོར་ཡོད།ད་དུང་སྐྲག་ཚོར་ཡང་འདུག། སུ་ཞིག་གིས་ཁ་རོག་གེར་ཁྱོད་ཉིད་ངའི་སེམས་ནང་ནས་འཕྲོག་འགྲོ་བར་སྐྲག་སྣང་སྐྱེས།དེ་རིང་གི་མཚན་མོར་ངས་ཟླ་འོད་ལ་གཤོག་ཟུང་གཡར་ནས་ཁྱེད་ཀྱི་གམ་དུ་འཕུར་འདོད།ངས་མཚན་རླུང་གི་སྙིང་སྟོབས་བརྐུས་ནས་ཁྱོད་ལ་གསོང་པོར་བརྗོད་འདོད།བདག་གིས་འདི་ལྟར་རང་ལ་སྙིང་ཕུར་བརྡབ།འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་ངའི་ལུས་སྟེང་ནས་སྤྱི་གཙུག་ལ་བཞུར།གྲང་འདར་ཞིག་བརྒྱབ་ནས་མགོ་བོ་ཡར་འཁོར་དུས།ཟླ་བ་སྔར་ལྟར་སྤྲིན་གྱིས་སྒྲིབ་ཅིང་།ཆར་པའང་ཟམ་ཟིམ་ཞིག་འབབ་བཞིན་འདུག། ང་དལ་བུར་ཡར་ལངས་ནས་རང་ལུས་ལ་དཀྲུག་དཀྲུག་འགའ་བྱས་རྗེས།དལ་བུར་ཁྱིམ་གྱི་ཕྱོགས་སུ་བསྐྱོད།ལྷས་རའི་འདབས་སུ་ཐོན་དུས་ཟླ་བ་ལ་འཁྲེང་བའི་ཕྱིར་མིག་ཅིག་འཕངས་ཀྱང་།ཆར་པ་ཤུགས་ཆེན་པོར་བབས་པས་མྱུར་དུ་ཁྱིམ་ལ་རྒྱུག།
གདན་བཏིངས་ཤིང་གོན་པ་ཕུད་དེ་མལ་ཐུད་གྱོན་པའི་སྟ་གོན་བྱེད་དུས།བདག་གི་སྙིང་ཆུང་ལུ་གུ་འདྲ་བ་དེ་དྲག་ཏུ་ལྡིང་ཞིང་།འདྲ་མིན་གྱི་དྲན་འཆར་མང་པོ་བྱུང་།བདག་གིས་མགོ་བོ་ལན་འགར་གཡུགས་རྗེས་སྒེའུ་ཁུང་ལས་ཟླ་བར་བལྟས་ཏེ།དེ་ལ་གྱེས་ཕྱག་འབུལ་བསམ་དུས།དེ་ཉིད་སྔ་མོ་ནས་སུ་ཞིག་གིས་སྨག་མེད་དུ་བཏང་འདུག བདག་སླར་ཡང་སྐྱོ་བྱུང་།གློག་སྒྲོན་ལ་བལྟས་ནས་དེ་ཉིད་ཟླ་བར་བསམ།དེ་ལ་གྱེས་ཕྱག་ཕུལ།ཟླ་བ་རྨི་ལམ་དུ་སྒོམ་ཞིང་ཟླ་འོད་སྒྲོན་མེ་རུ་བསམས་ནས་རྨི་ལམ་གྱི་ཁམས་སུ་ཁྱོད་རང་བཙལ།མཚན་མོ་འདིར་ང་གཉིད་ཁུག་གིན་མི་འདུག། དེ་བས་རྨི་ལམ་ཡང་ག་ལ་ཡོད།དེའི་ཕྱིར་མོ་ཡང་ཅི་ལྟར་རྙེད།ཆར་རྒྱུན་ནམ་ཆད་པ་མ་ཤེས་ཤིང་རླུང་བུ་ནམ་འཇགས་པའང་མ་ཚོར་བར་ང་རང་གཉིད་དུ་ཡུར།གོང་དུ་སྨྲས་པ་ནང་བཞིན་དོ་དགོང་ང་ལ་དངོས་གནས་རྨི་ལམ་མི་འདུག། སྤོ་བོས་བཤད་ན་ང་རང་ཉལ་རྗེས་ཆར་པ་བབས་ཚར་བ་དང་།རླུང་བུ་ཡང་དལ་བུར་འཇགས་སོང་།ཟླ་བ་སླར་ཡང་ནམ་མཁར་འཕགས་ནས་བདག་གི་གྲིབ་གཟུགས་འཚོལ་གྱིན་འདུག་ཟེར།དེ་ཐོས་འཕྲལ་ངའི་མུ་ཏིག་ལྟ་བུའི་མིག་ཆུའི་ཕྲེང་རྡོག་རེ་རེ་འོད་ལམ་མེར་མཁུར་ཚོས་བརྒྱུད་ནས་མར་ཟགས།
ཉིན་འདི་འགར་བདག་གིས་མཚན་མོ་བཙལ་ཅིང་།མཚན་མོའི་ཟླ་བ་དྲན།ཁྱོད་འཐད་ན་ང་རང་གླང་རྫི་བྱེད་ཆོག་སྟེ། འུ་གཉིས་སུས་ཀྱང་མི་ཚོར་བའི་ངང་ཟླ་བའི་གོ་ལར་ལྟད་མོར་འགྲོ།འུ་ཐུག་པའི་དོ་དགོང་ལྟ་བུའི་འཇིག་རྟེན་འདིར་ཟླ་བ་གཅིག་པུ་ང་ལ་བརྩེ་ཆེ་བས། དེས་འུ་གཉིས་ཀྱི་འགྲུད་བཞུད་ལ་ཇུས་འགོད་ལེགས་པོ་བྱེད་ངེས།བདག་གིས་གས་ཁ་ཤོར་བའི་ས་ཆེན་པོར་དུངས་སེམས་ཀྱི་སྙིང་ཁམས་གླན་བཞིན།ཐོབ་ཤོར་གྱི་མྱོང་བ་མང་དུ་བརྒྱུད་ཅིང་སྐྱིད་སྡུག་གི་འཚོ་བའི་ལམ་ཁར་འཇུས་ཏེ།ཁྱེད་ལ་བརྗོད་འདོད་ཀྱི་སྙིང་གཏམ་མང་པོ་ཞིག་ཁ་རོག་གེར་ཟླ་བར་བཤད། ངས་ཁྱེད་ལ་བཅངས་པའི་བརྩེ་བ་དང་རེ་བ་ཡང་ཟླ་བར་ཕུལ།ང་ཟླ་བར་དུངས། ཟླ་བ་ཁྱེད་ཀྱི་གཟུགས་བརྙན་དུ་གྲུབ། ད་རེའི་བདག་གི་རྣམ་ཤེས་ཀྱི་ས་བོན་ལ་ཚེ་སྲོག་གི་མྱུ་གུ་འབུས་ཤིང་།སེམས་ཀྱི་ལྕགས་ཀྱུས་ཁྱོད་རང་དམ་པོར་འཁྱུད།དེ་ནི་རྣམ་དག་གི་ལྷག་བསམ་ཡིན་པ་ལས།ཁ་ཡག་དང་ངོ་དགའ་ཅི་ཡང་མིན།ཟླ་འོད་ལྟ་བུའི་ཁྱོས།ང་ལ་སྔར་ལྟར་མནར་གཅོད་མི་གནང་བར་ཞུ།
ཟླ་བ་བདག་གི་སྨྱུག་རྩེ་ནས་ཇི་ལྟར་བརྗོད་ཀྱང་རུང་།འོན་ཀྱང་།ཁྱོད་ནམ་ཡང་ངའི་སེམས་ངོས་སུ་བརྟན་བརླིང་ངང་གནས་པར་སྨོན།སྣོད་བཅུད་ཀྱི་འཇིག་རྟེན་འདིའི་ཟུར་གང་རུང་ཞིག་ནས་ཁྱོད་རང་སྙིང་གསོན་པོ་ཞིག་གི་ཚུལ་གྱིས་ལྷོག་ལྷོག་ཏུ་ལྡིང་ཞིང་།ལྡིང་ལྡིང་མཐར་ངའི་སེམས་ལ་ལྷུང་བར་སྨོན།ང་སྔར་ལྟར་ཟླ་བར་ཅེར་ཡོད།ངོ་གདོང་ཚ་ལམ་ལམ།མིག་ཕྱེ་ནས་ལྟ་དུས་དེ་ཉིད་ཉི་མ་ཡིན་འདུག། མ་གཞི་འདི་དག་ཐམས་ཅད་བླུན་པོ་སུ་ཞིག་གི་ཉིན་མོའི་རྨི་ལམ་དུ་གྲུབ་འདུག།
༼ ཉག་ཕྲན། ༽
