ལོ་རེའི་ཏུང་རིགས་ཀྱི་ལོ་སར་ཤར་བ་དང་བསྟུན་ནས། ཀུའེ་ཀྲོའུ་ཤར་ལྷོ་རྒྱུད་ས་ཁུལ་གྱི་ལི་ཕིང་རྫོང་ཀྲའོ་ཞིང་ཏུང་རིགས་གྲོང་སྡེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་སླེབས་པ་དང་། གནའ་ཉམས་ཡོངས་སུ་དོད་པའི་རི་ཀླུང་སྟུག་པོའི་ཁྲོད་དུ་གནས་པའི་ཏུང་རིགས་གྲོང་སྡེར་འདུ་ལོང་རབ་ཏུ་ཆེ། ཉེ་བའི་ལོ་ཤས་རིང་ལ། ཀྲའོ་ཞིང་ཏུང་རིགས་གྲོང་སྡེས་ལྗོངས་ཁུལ་གྱི་ཁྱད་ཡོན་ལ་བརྟེན་ནས། ཏུང་རིགས་ཀྱི་བྲོ་ཆེན་འཁྲབ་སྟོན་རུ་ཁག་འཕེལ་རྒྱས་བཏང་ཞིང་། རིག་གནས་བཤམ་འཁྲབ་དང་མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བ་དང་། ཅ་དངོས་འཚོང་ས་བོགས་གླ་དང་རིག་རྩལ་འཁྲབ་སྟོན། བཟའ་བཏུང་གཉེར་སྐྱོང་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་དེ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་བཏང་བ་རེད། ད་ཆར། ཀྲའོ་ཞིང་ཏུང་རིགས་གྲོང་སྡེས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁེ་ལས60ལྷག་བཙུགས་ཤིང་། མགྲོན་ཁང་དང་ཡུལ་མིའི་གནས་ཚང་། ཟ་ཁང་བཅས400ལྷག་འཕེལ་རྒྱས་བཏང་ནས། ལས་ཞུགས་དང་ལས་གཏོད་བྱེད་མཁན་ཡུལ་མི2000ལྷག་ལ་ཟིན་ཡོད་པ་རེད། དེ་དང་མཉམ་དུ། ས་གནས་དེ་གས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་དམིགས་ནས། མི་རིགས་ཀྱི་དུས་སྟོན་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཉམ་འདྲེས་བྱ་སྤྱོད་ཤུགས་ཆེན་སྤེལ་ཡོད། ཏུང་རིགས་ཀྱི་ལོ་སར་དང་འབྲུ་ཆར་དུས་ཆེན། གྲོང་སྡེའི་གླུ་དབྱངས་འགྲན་སྡུར་སོགས་བྱེད་སྒོ་རབ་དང་རིམ་པ་ལག་ལེན་དུ་བསྟར་ཏེ། རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་ཁྱད་ཆོས་ལྡན་པ་གསར་དུ་གཉེར་ཞིང་ཡུལ་སྡེའི་ཡུལ་སྐོར་རིག་གནས་ཀྱི་ལས་རྣམ་ཕུན་སུམ་ཚོགས་པོར་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཁྲོད་དུ་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡོང་བར་བསྐུལ་ནས་ཡུལ་སྡེ་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་བསྩལ་བ་རེད།། ( ཐུབ་ཀྱིས་བསྒྱུར། )
