国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་གསར་གྱི་འབྱུང་ཁུངས་དང་ངག་རྒྱུན།

དུས་ཚོད་ཆུ་རྒྱུན་རིང་མོའི་ཁྲོད།ང་ཚོས་ལོ་ལྟར་ལོ་སར་གཏོང་བཞིན་ཡོད་ཀྱང་མི་མང་ཆེ་བ་ཞིག་གིས་ལོ་སར་རོལ་བ་ཙམ་མ་གཏོགས་ལོ་སར་གྱི་འབྱུང་ཁུངས་དང་ངག་རྒྱུན་སོགས་ད་དུང་གསལ་པོར་ཤེས་ཀྱིན་མི་འདུག། དེས་ན།2026ལོའི་ལོ་སར་ཤར་བའི་སྐལ་བཟང་དུས་བཟང་གི་ཉིན་མོ་འདིར་དགའ་སྟོན་གྱི་རྣམ་པ་ཡུལ་གྲུ་ཀུན་ལ་ཁྱབ་བཞིན་ཡོད་པས་ངས་ཀྱང་བཀྲ་ཤིས་ལེགས་སྐྱེས་ཞིག་གི་ཚུལ་དུ་སྲོལ་རྒྱུན་དུས་ཆེན་དེའི་རྒྱབ་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་དང་མི་སེམས་འགུལ་བའི་ངག་རྒྱུན་སོགས་ཅུང་བཤད་པར་བྱའོ།

ལོ་གསར་གྱི་འབྱུང་ཁུངས།

ལོ་གསར་ཞེས་པའི་ཐ་སྙད་དེ་སྔ་ཤོས་སུ་ཀྲུང་གོའི་གནའ་རབས་སུ་གཏུགས་ཆོག།元ལ་འགོ་འཛུགས་པ་དང་དང་པོ་ཞེས་པའི་དོན་དང་། 旦ལ་ཞོགས་པ་དང་ཉིན་གཅིག་གི་འགོ་བརྩམས་པ་མཚོན།དེ་གཉིས་ཟུང་འབྲེལ་བྱས་ན་ལོ་གསར་པའི་ཉིན་དང་པོ་མཚོན་གྱི་ཡོད།

གནའ་བོའི་དུས་སུ།ལོ་གསར་གྱི་དུས་ཚོད་གཏན་འཇགས་མེད།ཞ་རྒྱལ་རབས་ཀྱི་སྐབས་སུ། ལུགས་རྙིང་ཟླ་བ་དང་པོའི་ཉིན་དང་པོ་ལ་ལོ་གསར་ཞེས་བརྗོད། ཧྲང་རྒྱལ་རབས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ལོ་གསར་དུ་བརྩིས་ཤིང་། ཀྲོའུ་རྒྱལ་རབས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ལོ་གསར་དུ་བརྩིས། ཆིན་ཧྲི་ཧོང་གིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་རྗེས། ཟླ་བཅུ་པའི་ཚེས་གཅིག་དེ་ལོ་གསར་དུ་བརྩི་རྒྱུར་གཏན་འབེབས་བྱས། ཧན་ཝུའུ་ཏི་དུས་སྐབས་སུ་ད་གཟོད་དབྱར་ལོ་ཐོ་སླར་གསོ་བྱས་ཏེ། ཟླ་དང་པོའི་ཚེས་གཅིག་དེ་ལོ་གསར་ལ་བརྩིས། དེ་རྗེས་དུས་རབས་རིམ་བྱུང་དུ་འགྱུར་བ་བྱུང་མེད། ལོ་ཐོ་དེ་རིགས་ཆིང་རྒྱལ་རབས་ཀྱི་ལོ་མཇུག་བར་དུ་རྒྱུན་འཁྱོངས་བྱས།

ལྕགས་ཕག་ལོའི་གསར་བརྗེ་ལེགས་གྲུབ་བྱུང་རྗེས།ཞིང་ལས་ཐོན་སྐྱེད་དུས་ཚིགས་ལུགས་རྙིང་ལོ་ཐོ་ལ་བསྟུན་རྒྱུ་དང་། སྲིད་འཛིན་བསྡོམས་རྩིས་ལས་དོན་སོགས་སྤྱི་ལོའི་ལོ་ཐོར་བསྟུན་རྒྱུ་བྱས། 1912ལོ་ནས་བཟུང་ལུགས་གསར་ལོ་ཐོའི་ཟླ་བ་དང་པོའི་ཚེས1ཉིན་ནི་དཔྱིད་གསར་དུས་ཆེན་དང་སྤྱི་ལོ་ལོ་ཐོའི་སྤྱི་ཟླ་དང་པོའི་ཚེས1ནི་ལོ་གསར་ཡིན་པར་བྱས། 1949ལོའི་སྤྱི་ཟླ9པའི་ཚེས27ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་འཁོར་དུ་སྤྱི་ལོ་ལོའི་བཅའ་ཁྲིམས་སྤྱོད་རྒྱུ་ཞེས་གཏན་འབེབས་བྱས་ཏེ། ལོ་གསར་ནི་ཀྲུང་གོའི་ཁྲིམས་གཏན་འཁེལ་བའི་དུས་ཆེན་ཡིན་པ་གཏན་འཁེལ་བྱས། དུས་དེ་ནས་བཟུང་སྤྱི་ཟླ་དང་པོའི་ཚེས1ཉིན་ནི་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལོ་གསར་གྱི་དུས་ཆེན་ཞིག་ཏུ་གྱུར་ཡོད།

ལོ་གསར་གྱི་ངག་རྒྱུན།

བཤད་སྲོལ་དང་པོ། ཀྲོན་ཞུས་ཏིན་ཡོན་བཤད་ཚུལ་ལྟར་ན། གནའ་བོའི་དུས་སུ། གོང་མ་ལྔའི་གྲས་ཤིག་ཡིན་པའི་ཀྲོན་ཞུས་ཀྱིས་གནམ་སྣང་དང་ལོ་ཐོ་ལ་ཧ་ཅང་མཐོང་ཆེན་བྱས། ཁོས་ཚོ་པའི་མི་རྣམས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་ངལ་རྩོལ་བྱས་ཏེ་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱས། ཞིང་ལས་བྱེད་སྒོ་སྔར་ལས་ལེགས་པའི་སྒོ་ནས་བཀོད་སྒྲིག་བྱ་ཆེད། ཀྲོན་ཞུས་ཀྱིས་གནམ་སྣང་གི་འགྱུར་ལྡོག་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་དང་། ཉི་ཟླ་དང་སྐར་མའི་འཁོར་སྐྱོད་ཆོས་ཉིད་ལ་ཞིབ་འཇུག་བྱས། དུས་ཡུན་རིང་པོར་ལྟ་ཞིབ་དང་ཕྱོགས་བསྡོམས་བྱས་པ་བརྒྱུད། ཁོས་མཐར་ལོ་གཅིག་གི་འགོ་ཚུགས་པ་གཏན་འཁེལ་བྱས་ཏེ། ཟླ་དང་པོའི་ཚེས་གཅིག་དེ་ལོ་གསར་གྱི་ཉིན་མོར་གཏན་འཁེལ་བྱས། དུས་དེ་ནས་བཟུང་མི་རྣམས་ཀྱིས་ཉིན་དེར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་འགོ་ཚུགས་ནས་འདས་ཟིན་པའི་ལོ་གཅིག་གི་ལོ་ལེགས་ལ་བཀའ་དྲིན་ཞུས་པ་དང་ལོ་གསར་པའི་གནམ་གཤིས་ཆར་ཆུ་བཟང་བ་དང་འབྲུ་རིགས་སྣ་ལྔ་ཡག་པོ་སྐྱེས་བར་སྨོན་ལམ་འདེབས་པ་རེད། ཀྲོན་ཞུས་ཏིན་ཡོན་གྱི་ངག་རྒྱུན་ལས་གནའ་རབས་མི་དམངས་ཀྱིས་རང་བྱུང་ཆོས་ཉིད་ལ་འཚོལ་ཞིབ་དང་བརྩི་འཇོག་བྱས་པ་མཚོན་ཡོད་ལ། ཁོ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ཡང་མཚོན་ཡོད།

བཤད་སྲོལ་གཉིས་པ། སྔོན་ཆད་མིང་ལ་ཝན་ཉན་ཟེར་བའི་གཞོན་ནུ་ཞིག་ཡོད་དེ། ཁོས་སྐབས་དེར་དུས་ཚིགས་ཀྱི་དབྱེ་བ་ཧ་ཅང་རྙོག་འཛིང་ཡིན་པ་ཤེས་ནས་དུས་ཚིགས་གཏན་འཁེལ་ཐུབ་པའི་བྱ་བ་སྒྲུབ་རྒྱུའི་སེམས་ཐག་བཅད། ཉིན་ཞིག་ལ། ཁོ་རི་བོའི་སྟེང་དུ་ཤིང་བཅད་ནས་ཐང་ཆད་པས། ཤིང་སྡོང་གི་གྲིབ་བསིལ་འོག་ཏུ་ངལ་གསོ་བྱས་ནས་བསྡད་དུས་ཤིང་སྡོང་གི་གྲིབ་གཟུགས་འགུལ་སྐྱོད་ཀྱིས་ཁོ་ལ་བློ་སྒོ་ཕྱེས་ཏེ། ཁོས་ཉི་མའི་གྲིབ་གཟུགས་འཇལ་བའི་གནམ་གཤིས་རྩིས་ཆས་ཤིག་ཇུས་འགོད་བྱས། ཡིན་ནའང་གནམ་ལ་ཆར་པ་དང་བར་སྣང་དུ་སྨུག་པ་འཁྲིགས་ཡོད་པས་ཚད་འཇལ་ལ་ཤུགས་རྐྱེན་ཐེབས་ཡོད། དེའི་རྗེས་ཁོང་བྲག་རིའི་སྟེང་གི་ཆུ་མིག་ལ་སྤྲོ་བ་བསླངས་ནས་ཐོག་བརྩེགས་ལྔ་ཅན་གྱི་ཟགས་ཐུམ་ཞིག་བཟོས། དུས་ཡུན་རིང་པོར་ལྟ་ཞིབ་དང་ཚོད་རྩིས་བྱས་པ་བརྒྱུད།ཁོས་ཉི་ཟླ་འཁོར་སྐྱོད་ཀྱི་ཆོས་ཉིད་ཤེས་རྟོགས་བྱུང་བ་དང་། ཡང་དག་པའི་ཉི་མའི་ལོ་ཐོ་བཟོས་ཡོད།

སྐབས་དེའི་རྒྱལ་པོ་ཙུའུ་དབྱི་ལ་ཡང་རྟག་ཏུ་གནམ་གཤིས་དང་རླུང་སྤྲིན་སོགས་ཉི་ཟླ་འཁོར་སྐྱོད་མི་ཤེས་པའི་སྡུག་བསྔལ་སྐྱེས་བཞིན་ཡོད། ཝན་ཉན་གྱིས་ཉི་ཟླ་འཁོར་སྐྱོད་ཀྱི་ཆོས་ཉིད་ཤེས་རྗེས། ཉི་དུས་དང་ཟགས་ཐམ་འཁྱེར་ནས་རྒྱལ་པོ་ཙུའུ་དབྱི་ལ་ཐུག་ཏུ་སོང་སྟེ། ཁོང་ལ་ཉི་ཟླ་འཁོར་སྐྱོད་བྱེད་པའི་གནས་ལུགས་གསལ་པོར་བརྗོད། རྒྱལ་པོས་ཐོས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། གནམ་སྟེགས་མདུན་དུ་ཉི་ཟླའི་ཁང་པ་བསྐྲུན་པ་དང་། ཉི་ལྟ་སྟེགས་བུ།ཟགས་ཐམ་ཁང་པ་བཅས་བསྐྲུན་པར་མ་ཟད། ཝན་ཉན་ལ་ཉི་ཟླའི་ཆོས་ཉིད་ཚད་འཇལ་ཡང་དག་བྱས་ཏེ་གནམ་འོག་གི་མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བཏོན་ཡོད།

ཐེངས་ཤིག་ལ།རྒྱལ་པོ་ཝན་ཉན་གྱི་ལོ་ཐོ་ཚོད་ལྟའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་། ཁོང་ཉི་ཟླ་ལྟ་ཁང་དུ་འཛེགས་སྐབས་གནམ་སྟེགས་ཁང་འགྲམ་གྱི་རྡོའི་གྱང་ཐོག་སྙན་ངག་ཞིག་བརྐོས་ཡོད་པ་མཐོང་སྟེ། ཉི་ཤར་ཉི་ནུབ་སུམ་བརྒྱ་དྲུག།། ཡང་ནས་ཡང་དུ་འཁོར་ནས་འགྲོ།། རྩྭ་ཤིང་སྐམ་རྒྱས་དུས་བཞི་འགྱུར།། ལོ་གཅིག་ཟླ་བ་བཅུ་གཉིས་ཡོད།།ཅེས་མཐོང་མ་ཐག་ཝན་ཉན་གྱི་ལོ་ཐོ་གསར་གཏོད་གྲུབ་ཡོད་པ་ཤེས། ཝན་ཉན་གྱིས་གནམ་གྱི་སྣང་ཚུལ་ལ་མཛུབ་སྟོན་བྱས་ཏེ་ཙུའུ་དབྱི་ལ་ད་ལྟ་ནི་ཟླ་བ་བཅུ་གཉིས་ཁེངས་ཡོད་པས་ལོ་རྙིང་བརྒལ་ནས་དཔྱིད་གསར་སླར་ཡང་འགོ་བརྩམས་སོང་། རྒྱལ་པོ་ལགས་ཀྱིས་དུས་ཆེན་ཞིག་གཏན་འཁེལ་བྱེད་རོགས་ཞུ། རྒྱལ་པོས་དཔྱིད་དུས་ནི་ལོ་མགོ་ཡིན་པས་ལོ་གསར་ཞེས་ཟེར་ན་འགྲིག་ས་རེད་ཅེས་བཤད།། གོ་ཐོས་སུ་འདི་ནི་ལོ་གསར་གྱི་འབྱུང་ཁུངས་ཡིན་པ་དང་།དུས་དེ་ནས་བཟུང་ལོ་ལྟར་ལོ་གསར་ཤར་དུས་མི་ཚང་མས་བྱེད་ཐབས་འདྲ་མིན་སྒོ་ནས་དགའ་དགའ་སྤྲོ་སྤྲོས་དུས་ཆེན་བསུ་བ་རེད།།

( ཀུན་དགས་བྲིས།)