གནམ་ལོ་གསར་དུ་ཚེས་སྐབས། སི་ཁྲོན་མི་རིགས་སློབ་གླིང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། དར་མདོ་གྲོང་ཨུ་དྲིལ་བསྒྲགས་པུའུ་བཅས་དང་མཉམ་འབྲེལ་བྱས་ནས་དར་མདོའི་མཛའ་གཞས་ཐང་ཆེན་དུ་འདོ་བ་རྟ་མཆོག་དབང་རྩལ་འགྲན་ཏེ་གནམ་ལོ་གསར་བསུ་བའི་དམངས་ཕན་རིག་གནས་བྱེད་སྒོ་སྤེལ། བྱེད་སྒོ་དེས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་བ་གཙོ་དོན་དུ་བྱས་ཏེ་
རིག་གནས་དང་། སློབ་གསོ། སྨན་བཅོས། དཔལ་ཡོན་ལག་ལེན་སོགས་ཁྱབ་ཁོངས་མང་པོའི་ཐོན་ཁུངས་མཉམ་འདྲེས་བྱས་ནས་རིག་གནས་ཀྱི་བྲོ་བ་ལྡན་ཞིང་། དམངས་སེམས་མཚོན་པ་དང་མཐུན་སྒྲིལ་བྱེད་པ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ལོ་གསར་གྱི་གསོལ་སྟོན་ཆེན་པོ་ཞིག་སྤེལ་བ་རེད།
སྨྱུག་རྩལ་ལས་བརྩེ་དུང་མཚོན། བྱེད་སྒོའི་ཡུལ་དངོས་སུ། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་སློབ་དང་དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱིས་ལག་ཏུ་བྲིས་སྨྱུག་བཟུང་ནས“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་བཅངས”ཞེས་པ་དང་།“ལོ་གསར་བསུས་ནས་བསྐལ་བཟང་དུས་བཟང་བསྟོད། བསོད་ནམས་བདེ་སྐྱིད་ས་གཞི་ཡོངས་ལ་ཁྱབ།”སོགས་ལོ་གསར་གྱི་ཤིས་ཚིག་བྲིས། ཡུལ་མི་སྐྱེས་མ་དབྱང་ལགས་ཀྱིས་སྣག་ཚ་ཡང་སྐམ་མེད་པའི་ལོ་གསར་བསུ་བའི་ཤིས་ཚིག་ལག་ཏུ་བཟུང་སྟེ་གདོང་ལ་འཛུམ་གྱིས་ཁེངས་པའི་སྒོས་ལོ་གསར་པར་རེ་སྒུག་དང་སྤྲོ་སྣང་གིས་ཁེངས་ཡོད།
བྱེད་སྒོའི་ཡུལ་དངོས་སུ། སྨན་བཅོས་མི་སྣས་མྱུར་སྐྱོབ་རྩལ་ནུས་ཁྲིད་པ་དང་མྱུར་སྐྱོབ་སྤྱི་ཕན་ཤེས་བྱ་ཁྱབ་གདལ་བཏང་བ། ཡུལ་མིར་རིན་མེད་བདེ་ཐང་སྐོར་གྱི་དྲི་བར་ལན་འདེབས་པ་སོགས་ཀྱི་བྱ་འགུལ་སྤེལ། ཡུལ་མི་ཨ་ནེ་ཝང་ལགས་ཀྱིས་བྱ་འགུལ་འདི་ནི་ཧ་ཅང་ཕན་ཐོགས་པ་ཞིག་རེད་འདུག། ཤེས་བྱ་འདི་དག་ཤེས་ན་འགག་རྩའི་དུས་སུ་སྲོག་སྐྱོབ་བྱ་ཐུབ་ཅེས་བཤད།
དཔལ་ཡོན་དྲིལ་བསྒྲགས་བྱས་ཏེ་འཆམ་མཐུན་གྱི་ལེའུ་གསར་པ་མཉམ་བསྐྲུན་མཉམ་རོལ་བྱེད། དར་མདོ་གྲོང་ཁྱེར་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་སྤེལ་བའི་དཔལ་ཡོན་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་འདྲི་ཤོག་བརྟག་དཔྱད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་མང་ཚོགས་ལ་དཔལ་ཡོན་ཚད་ལྡན་གྱི་འགྲིམ་འགྲུལ་འགྲོ་སྐྱོད་དང་། ཁོར་ཡུག་འཕྲོད་བསྟེན། སྤྱི་པའི་སྒྲིག་ལམ་སོགས་ཁྱབ་གདལ་བཏང་བ་རེད།
ཕྱིན་ཆད། དཀར་མཛེས་ཁུལ་གྱིས་རིག་གནས་ཀྱི་དམངས་ཕན་ལས་གྲྭ་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པའི་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བ་དང་ས་གནས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་ཡུན་རིང་པོར་སྒུལ་ཤུགས་བསྣན་ངེས།།
( སྐལ་བཟང་རྒྱ་མཚོས་བྲིས།)
