འཇིག་རྟེག་བྱ་བར་སྙིང་པོ་མེད་པའི་ཆོས། །
མཚན་ལྡན་བླ་མས་ཡུན་རིང་དུས་ནས་གསུང་། །
བདག་གི་རྒྱུད་ལ་ཡོན་ཏན་གང་ཡོད་པ། །
བླ་མའི་དྲིན་ཡིན་སྐུ་ཚེ་བརྟན་པར་སྨོན། །
ཚེ་རབས་གཏན་དུ་དྲིན་གྱི་ནོམ་པའི་ཚོགས། །
ཚེ་སྔོན་ལས་ཀྱིས་བདག་ལ་གནང་བ་གང་། །
ཚེ་འདིའི་ཕ་མ་ཚེ་རིང་ནད་མེད་ཅིང་། །
ཚེ་ཆོས་འགྲུབ་པའི་གསོལ་འདེབས་ལྷ་ལ་ཞུ། །
རྒྱུས་མེད་ཡུལ་ནས་ཕ་མའི་བུ་བཞིན་སྐྱོང་། །
ལེགས་པའི་ལམ་ལ་བརྩེ་བ་ཆེན་པོས་ཁྲིད། །
སྦྱང་པའི་ཐབས་སུ་བསྐུལ་མ་གྲངས་མེད་སྩོལ། །
དགེ་རྒན་དམ་པའི་མཛད་འཕྲིན་རྒྱས་པར་སྨོན། །
དྲིན་ཆེན་ཞིག་ལ་ཨ་ཕའི་གཅུང་པོ་གང་། །
དྲིན་གྱིས་སྐྱོང་མཁན་ཨ་ཁུ་གང་དེ་ལ། །
དྲིན་ལན་མཇལ་དཀའ་དྲིན་གྱི་བུ་ལོན་མང་། །
དྲིན་དྲན་འོག་ནས་བདེ་སྐྱིད་ལྡན་པར་སྨོན། །
ཚེ་རབས་ཕྲེང་བའི་རྒྱུན་ཐག་རིང་ནས་སྦྲེལ། །
ཚེ་འདིར་འཛོམས་པ་ཕ་མ་གཅིག་པའི་སྤུན། །
ཚེ་ལ་སྐྱོང་བ་སེམས་ནས་བརྗེད་ཐབས་བྲལ། །
ཚེ་རིང་ནད་མེད་བསམ་དོན་ལྷུན་འགྲུབ་ཤོག །
འགྲོག་པའི་དུས་ཀྱང་ལོ་ཟླ་རེ་གཉིས་མིན། །
འདུག་སའི་གནས་ཀྱང་ཁ་ཁ་སོ་སོ་མིན། །
འཚོ་བའི་ཁ་ཕྱོགས་གཅིག་ལས་ཐ་དད་མིན། །
ཆོས་ཀྱི་གྲོགས་པོ་བདག་ལ་བཀའ་དྲིན་ཆེ། །
༼ ཁམས་འོད་གསལ། ༽
