བཀྲ་ཤིས་ཉེར་ལྔ་བདེ་ཞིང་བདེ་བར་བཞུད།།
བདེ་ལེགས་ཉེར་དྲུག་དགའ་སྤྲོ་དང་བཅས་བསུ།།
ཕུན་ཚོགས་དབྱངས་གསལ་གླུ་ཡི་ཁ་བཏགས་འདི།།
གནམ་ལོ་གསར་པ་ཞིག་གི་དབུ་ཁྱུད་བྱེད།།
དེ་རིང་བསང་དུད་སྔོན་པོས་མཁའ་ལམ་ཁྱབ།།
དེ་རིང་རིགས་མཐུན་སྤུན་ཟླ་སྤྲོ་བས་བརྟས།།
དེ་རིང་ཟས་ལ་བཅུད་འཛོམས་བྲོ་བ་ཞིམ།།
དེ་རིང་ལུས་ལ་རྒྱན་འདོགས་རིན་ཐང་ཆེ།།
དེ་རིང་ཕ་ཁུ་ནང་འཛོམས་ཇ་ཆང་རོལ།།
དེ་རིང་མ་སྲུ་མོ་སྨན་ཞབས་བྲོ་རྒྱག།
དེ་རིང་བྱིས་པ་ལོ་བརྒྱད་ཡན་ཆོད་དང་།།
རྒན་པ་བརྒྱད་ཅུ་མན་ཆོད་སྐྱིད་ལ་རོལ།།
ཆོས་ལ་ནུབ་མེད་འཕྲིན་ལས་རྒྱས་པར་ཤོག།
མི་ལ་ཚེ་བསོད་དབང་ཐང་དར་བར་ཤོག།
ཕྱུགས་ལ་གོད་མེད་ནོར་གཡང་འཕེལ་བར་ཤོག།
ཕྱི་ནང་རྒྱལ་ཁབ་བདེ་བའི་བཀྲ་ཤིས་ཤོག།
༼ འོད་འཛིན་མ།༽
