བདག་ལ་རྨི་ལམ་ཞིག་ཡོད།
ལོ་གསར་པར་མངོན་དུ་འགྱུར་ན་སྙམ་པའི་
རྨི་ལམ་ཞིག་ཡོད།
རྨི་ལམ་དེའི་ཁ་དོག་ལ་འོད་སྟོང་འཕྲོ་བར་སྨོན།
རྨི་ལམ་དེའི་མདུན་རྒྱབ་ལ་མག་མོག་མེད་པར་སྨོན།
བདག་ལ་རྨི་ལམ་ཞིག་ཡོད།
ལོ་གསར་པར་འགྲུབ་ན་སྙམ་པའི་རྨི་ལམ་ཞིག་ཡོད།
རྨི་ལམ་དེའི་རེ་འབྲས་ལ་སྡུག་བསྔལ་མེད་པར་སྨོན།
རྨི་ལམ་དེའི་རྒྱབ་ལྗོངས་ལ་བདག་འཛིན་མེད་པར་སྨོན།
བདག་ལ་རྨི་ལམ་ཞིག་ཡོད།
ལོ་གསར་པའི་ནང་ནས་རྨིས་ན་སྙམ་པའི་རྨི་ལམ་ཞིག་ཡོད།
རྨི་ལམ་དེ་ལ་འཇིགས་སྔངས་མེད་པར་སྨོན།
རྨི་ལམ་དེ་ལ་རེ་དོགས་མེད་པར་སྨོན།
བདག་ལ་རྨི་ལམ་ཞིག་ཡོད།
ལོ་གསར་པར་ཡིད་གར་འོང་བའི་རྨི་ལམ་ཞིག་ཡོད།
རྨི་ལམ་དེ་ལ་འཁྲུལ་སྣང་གི་བཙའ་མི་ཆགས་པར་སྨོན།
རྨི་ལམ་དེ་ལ་བར་ཆད་ཀྱི་སྤྲིན་ནག་མེད་པར་སྨོན།
༼ ལྡེའུ་ནག ༽
