སྤྱི་ཟླ་དང་པོའི་ཚེས2ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དུང་དཀར་ལུང་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། གུང་གསེང་རིང་ཡུལ་སྐོར་ཞབས་ཞུ་འགན་ལེན། གནོད་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་ཏུ་ཕེབས་ཡོད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། དྲིན་དྲན་མདུན་སྐྱོད་ཀྱིས་འཕེལ་རྒྱས་དམ་འཛིན། འབད་བརྩོན་ཆེན་པོས་འཛུགས་སྐྲུན་མགྱོགས་མྱུར་བྱས་ཏེ། དུང་དཀར་ལུང་པ་དེ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དཔེ་མཚོན་ཞིག་ཏུ་ཧུར་ཐག་བསྐྲུན་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཀྲའོ་པོ་ཡིས་དུང་དཀར་ལུང་པའི་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུར་གསན་པ་རེད། ཁོང་གིས“9·5”ལྕགས་ཟམ་ས་འགུལ་གྱི་གནོད་འཚེ་ཐེབས་རྗེས། དུང་དཀར་ལུང་པའི་ལྗོངས་ཁུལ་སླར་གསོ་བསྐྱར་སྐྲུན་ལ་ཕྱོགས་ཁག་གི་རྒྱབ་སྐྱོར་དང་དོ་ཁུར་ཐོབ་པས། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་དྲིན་དྲན་གྱི་སེམས་པ་དང་འབད་བརྩོན་གྱི་རྣམ་འགྱུར་ཐོག་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན། དམངས་འཚོ་ལེགས་སུ་གཏོང་བ། གནོད་རྗེས་བསྐྱར་སྐྲུན་མཇུག་བསྡུ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་བསྟར་ཅང་ཕན་འབྲས་ཐོན་རྒྱུར་སྐུལ་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་གྱི་མིང་བྱང་རྒྱུན་མཐུད་ངང་དར་རྒྱུ་དམིགས་འབེན་དུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་དང་འཕེལ་ཕྱོགས་གསར་པར་དམིགས་ནས། ཡུལ་ལྗོངས་གསར་པ་དང་། ལས་རིགས་གསར་པ། ཉམས་ལེན་གསར་པ། ཁྲོམ་ར་གསར་པ་བཅས་ལ་དམིགས་ཏེ་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་ཁྱད་ཆོས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། ཁྱད་པར་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་མཁོ་སྤྲོད་སྤུས་ཚད་མཐོར་འདེགས་དང་། ལས་རིགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་བརྩོན་ནས་དུང་དཀར་ལུང་པའི་ལྗོངས་ཁུལ་འཕེལ་རྒྱས་འགྲོ་ལམ་གསར་པར་སླེབས་པ་དང་ཚད་བརྒལ་གསར་པ་གྲུབ་པ། སྐས་རིམ་གསར་པར་སླེབས་པར་བསྐུལ་ཏེ། ཁུལ་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པར་སྟོབས་ཤུགས་བརྟན་པོས་བྱས་རྗེས་སུ་འཇོག་དགོས་ཞེས་གསུངས་པ་རེད། ཁུལ་མགོ་ཁྲིད་ཁྲེན་པོ་ཐའོ་དང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
