国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས2025ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་དང་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།

2025ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

གཅིག། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོ་བའི་སྐོར་གྱི་གྲོས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་པ།

གཉིས། ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་མ་ཟད། གཟིགས་ཞིབ་དང་ལེན་དཔུང་སྡེར་གཟིགས་ཞིབ་གནང་བ་རེད།

གསུམ། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས། ཏང་གི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

བཞི། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

ལྔ། ཐེན་ཅིན་གྱི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་ནས་པེ་ཅིང་གི་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་བར། ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་བདེ་བླག་ངང་གཉེར་བ་དང་། ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་གནང་བས། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་ལས་མི་སེམས་སུ་གཏིང་ཟབ་འཇགས།

དྲུག། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ60འཁོར་བ་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་ཚོགས་པའི་སྣེ་ཁྲིད་གནང་སྟེ་ཚོགས་ཆེན་ལ་ཞུགས།

བདུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་བརྒྱུད། སྤྱི་ཟླ10ཚེས25ཉིན་ནི་ཐའེ་ཝན་སླར་གསོ་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས།

བརྒྱད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གླིང་ཕྲན་ཡོངས་སུ་ཁྲལ་སྡོམ་ལས་གཉེར་བྱས་པ་དང་། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་བ།

དགུ། གནམ་འདྲི་གཉིས་པ་རྟགས་ཅན་བར་སྣང་དུ་འཕེན་གཏོང་བྱས་པ་དང་། ལྷ་གྲུ་ཉེར་གཉིས་པ་རྟགས་ཅན་འཕྲལ་བསྟུན་འཕེན་གཏོང་བྱས་པ། ཧྥུ་ཅན་དམག་གྲུ་དངོས་སུ་སྤྱོད་འགོ་བརྩམས་པ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཚོད་འཛིན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

བཅུ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འཚོགས་པ་དང་། འགྲན་ཚོགས་དེ་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་གཉེར་ཐེངས་དང་པོ་ཡིན་ཞིང་། དེ་ནི་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལ་གྱུར་ཡོད་པ་བཅས་སོ།།

2025ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

གཅིག། ཀྲུང་གོའི་གཙོ་བདག་ཕྱི་འབྲེལ་གྱིས་འཛམ་གླིང་ཞི་བདེ་དང་གོང་འཕེལ་གྱི་དུས་རབས་རླབས་རྒྱུན་ལ་སྣེ་ཁྲིད་མཛད་པ་དང་། ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་གནང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ཆེན་པོ་བཞིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་བཏང་བ།

གཉིས། ཀྲུང་གོས་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་། འཛམ་གླིང་གི་ས་ཆ་མང་པོས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྟེན་འབྲེལ་ཞུས་པ།

གསུམ། དབྱི་སི་རལ་དང་ཨ་རིས་དབྱི་རན་ལ་འཇབ་རྒོལ་བྱས་པ་དང་། ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་བཞག་པ།

བཞི། ཨུ་ཡུག་གདོང་ཐུག་དེ“གྲོས་མོལ་གྱི་འཁོར་རྒྱུག”ནང་ཚུད་པ་དང་། ཨ་རིའི་སྲིད་ཇུས་ལ་འགྱུར་ལྡོག་ཕྱིན་པ་དེས་ཨ་རི་དང་ཡོ་རོབ་བར་གྱི་འགལ་ཟླ་ཚབས་ཆེ་རུ་ཕྱིན་པ།

ལྔ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་འབོ་གསེར་རྒྱལ་ཁབ་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གསར་པར་སླར་ཡང་བསུ་བ་ཞུས་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱིས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ།

དྲུག། གོ་ལ་ཧྲིལ་པོར་གནམ་གཤིས་ངན་པ་རྒྱུན་མཐུད་ངང་ཐོན་པ་དང་། ཀྲུང་གོས་རང་བརྟེན་བྱས་རྗེས་ཀྱི་དམིགས་འབེན་གསར་པ་ཁྱབ་བསྒྲགས་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པ།

བདུན། ཨ་རིས་སྒོ་ཁྲལ་གང་བྱུང་དུ་བསྡུ་བའི་སྲིད་ཇུས་ལག་བསྟར་བྱས་པས། ཕྱོགས་མང་ཉོ་ཚོང་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་མདུན་དུ་སྐྱོད་པ་དེས་འཛམ་གླིང་དཔལ་འབྱོར་ལ་གོ་སྐབས་དང་གཏན་ཁེལ་རང་བཞིན་བསྩལ་བ།

བརྒྱད། ཀའོ་ཧྲི་ཙའོ་མིའོ་ཡི་ནོར་འཁྲུལ་གཏམ་བརྗོད་ཀྱིས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམ་མེད་ངང་འགྲན་སློང་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ལྗར་པན་དམག་རྒྱལ་རིང་ལུགས་སླར་གསོ་བྱ་བར་དོགས་ཟོན་བྱེད་བཞིན་པ།

དགུ། ཨ་རིའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་པར་གཞི་གསར་པའི་ནང“གོ་ལའི་ཕྱེད་ནུབ་མར་སྔོན་ལ་བསམ་བློ་གཏོང་རྒྱུ”ནན་བཤད་བྱས་པ་དང་། ལ་ཏིང་མེ་གླིང་དུ་དམག་དོན་བཀོད་སྒྲིག་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་བཏོན་པ།

བཅུ། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་མཚམས་བཞག་པའི་དུས་ཡུན་གྱིས་སླར་ཡང་ཟིན་ཐོ་བཏོད་པས། སྤྱི་ཚོགས་ཀྱི་དུས་བབ་ཛ་དྲག་ཏུ་ཕྱིན་པ་དང་ཆབ་སྲིད་ཀྱི་གཏུམ་སྤྱོད་དོན་རྐྱེན་ཐེངས་མང་ཐོན་པ་བཅས་སོ།།

( ནོར་བུས་བསྒྱུར།)