ཡུལ་སྡེ་དར་རྒྱས་འདུ་འགོད་རི་ལུང་ཁྱབ།།
མཐོ་སྒང་མང་ཚོགས་མཉམ་དུ་འབྱོར་ཕྱུག་ཡོང་།།
2025ལོར་ཁུལ་ཡོངས་སུ་འབྲི་གཡག་ཐོན་ལས་ཁྱུ་ཚོགས་རྣམ་གྲངས26བསྐྲུན་པ་དང་མ་དངུལ་སྒོར་དུང་ཕྱུར4.59བཏང་སྟེ་དེང་རབས་ཅན་གྱི་ཚོད་ལྟ་འབྲོག་ར6བསྐྲུན་པ་དང་།མིས་བཟོས་གཟན་རྩྭ་མུའུ་ཁྲི61.62འཕེལ་རྒྱས་བཏང་བས“ལྷ་གཡག་དཀར་མཛེས”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གསར་དུ་བདེན་སྤྲོད་བྱས། འབྲི་གཡག་ཁྱད་ལྡན་ཐོན་ལས་གླིང་བརྒྱད་གང་སར་ཁྱབ་ཅིང་།བརྒྱད་ཟིལ་དང་ཉི་སྟེན་འབྲི་གཡག་ལྟེ་གནས་གཙོ་བོ་དང་རྒྱ་བསྐྱེད་མཉམ་འགུལ་གྱིས་འབྲི་གཡག་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར91ལ་སླེབས་པར་སྐུལ་འདེད་བཏང་ཡོད། “སྐྱེ་ལྡན་ཁུལ”གྱི་འཐབ་ཇུས་དང“ཚད་ལྡན་ཅན+”གྱི་རྣམ་པ་བརྒྱུད་གྲངས་འཛིན་ལག་རྩལ་དེ་གསོ་སྤེལ་དང་ལས་སྣོན། ཕྱིར་འཚོང་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་ཁྱབ་པ་སྟེ། “མཐོ་སྒང་གི་ནོར་བུ”དེ་ཞིང་འབྲོག་མི་སེར་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ཏུ་གྱུར་ཡོད།
2025ལོར་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་ཁྲི592(འབའ་ཐང37.5དང་། ཡོན་གནས་ཕུག111.6 གསེར་རྟ10 གཡངས་པ་ཐང51 རྫོང་རྩ120 སོ་རོང100 རྐང་ལག་རྗེས12 རྟའུ3ལ150)གསར་དུ་བསྣན་ཡོད། ཡོན་གནས་ཕུག་དང་འབའ་ཐང་སོགས་ཆུ་གློག་ཁང3བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཞོལ་ལུང་དང་སྨད་རྟིང་ལུང་སོགས་ཆུ་གློག་ཁང་ཆེ་གྲས་དང་འབྲིང་གྲས12མགྱོགས་སུ་སྐུལ་འདེད་གཏོང་བ། ཕྱག་ཕྲེང་དང་ལི་ཐང་སོགས་རྫོང7གྱི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱེད་པ། སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ལས་གཞི་དེ་དག་གིས་རྒྱལ་ཡོངས་ལ་ལྗང་མདོག་གློག་ཤུགས་སྐྱེལ་འདྲེན་བྱས་པར་མ་ཟད། ས་གནས་དེ་གར་ཁྲལ་བསྡུ་དང་ལས་གནས་བརྟན་པོ་ཡོང་བ་དང་། “ཕྱོགས་གཅིག་གི་ཐོན་ཁུངས་གསར་སྤེལ་དང་། ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས། ཕྱོགས་གཅིག་གི་མི་སེར་ཕྱུག་འགྱུར”གྱི་འཁོར་སྐྱོད་བཟང་པོ་ཆགས་པ་དང་། ནུས་རྒྱུ་གཙང་མ་དེ་མཐོ་སྒང་མཉམ་ཕྱུག་གི“ལྗང་མདོག་སྒུལ་འཁོར”ཞིག་ཏུ་གྱུར་བ་རེད།
ལོ་དེར་རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་བྲག་ཕུག་རྣམ་པའི་རྩིས་ཤུགས་གྲུ་ཁང་གི་རིག་ནུས་རྩིས་རྒྱག་ལྟེ་གནས་དང་པོ་སྟེ། ཉག་ཆུ་ཁ་ཆུ་གཉིས་མདོ་རྩིས་གློག་མཉམ་འདྲེས་དཔེ་སྟོན་ལས་གཞི་དེ་ཆུ་གཉིས་མདོ་ཆུ་གློག་ཁང་ནས་དངོས་སུ་སྤྱོད་འགོ་བཙུགས་པ་རེད། ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.5བཏང་བ་དང་།རྩིས་ཤུགས་ཁང6ཡོད་པ་དང་རང་རྒྱལ་ནས་ཐོན་པའི་རྩིས་ཤུགས་ཉིང་ལྷེབ2000བཀོད་སྒྲིག་བྱས་ཡོད་པ་རེད།
བོད་བྱ་གསོ་སྤེལ་གྱི་རིག་ནུས་རིམ་སྤོར་ནས་འབྲི་གཡག་ཐོན་ལས་ཀྱི་འབྲེལ་ཐག་ཡོངས་ཀྱི་ནུས་པ་འདོན་སྤྲོད་དང་། ནུས་རྒྱུ་གཙང་མའི་གཞི་ཁྱོན་གསར་སྤེལ་བྱེད་པ་ནས་སྐྱེ་ལྡན་སྤུས་རྟགས་ཤུགས་ཆེན་དར་རྒྱས་ཡོང་བའི་བར་དཀར་མཛེས་ཁུལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ལམ་བུར་སྐྱོད་བཞིན་ཡོད་པས། གྲངས་འཛིན་ལག་རྩལ་གྱིས་གངས་ཅན་མཐོ་སྒང་དུ་ཐུན་མོང་ཕྱུག་འགྱུར་གྱི་མེ་ཏོག་བཞད་དུ་བཅུག་པ་དང་།ཐུན་མོང་ཕྱུག་འགྱུར་ལ་དཀར་མཛེས་ཀྱི་ལག་ལེན་བརྟན་པོར་འབྲི་བཞིན་ཡོད།།
རིག་གནས་ཡུལ་སྐོར་འོ་ཆུ་མཉམ་འདྲེས་བྱུང་།།
ལས་བརྒྱ་དར་ཞིང་རྒྱས་པའི་མཛེས་སྡུག་བཀྲ།།
ལོ་འདི་ལ་རིག་གནས་ཡུལ་སྐོར་དང་ལས་བརྒྱ་ཟུང་དུ་སྦྲེལ་ཅིང་ལས་བརྒྱ་དང་རིག་གནས་ཡུལ་སྐོར་ཡོངས་སུ་སྦྲེལ་ཤུགས་ཆེ་རུ་སོང་ཡོད། དཀར་མཛེས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོར་ཡོང་བར་བསྐུལ་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྒུལ་ཤུགས་ཆེན་པོར་ཆགས་སུ་བཅུག་ཡོད།
རོང་བྲག་རྫོང་གི་སྐྱིད་མཁར་ཡུལ་གྲོང་སྡེ་མཉམ་འབྲེལ་རྒྱལ་ཁབ་ཡུལ་སྐོར་རྩ་འཛུགས་ཀྱི་ཡུལ་སྐོར་ཡུལ་སྡེ་ཆེས་བཟང་ཤོས་སུ་བདམས་ཐུབ་པ་བྱུང་ཞིང་། སྲོལ་རྒྱུན་རིག་གནས་གསོན་རྣམ་ཅན་དུ་བེད་སྤྱོད་བྱས་ཏེ། ཡུལ་སྡེ་ཡུལ་སྐོར་ལ་གསོན་ཉམས་ཆེན་པོ་རྒྱས་སུ་བཅུག། རི་རྒྱལ་གངས་དཀར་གྱི་ཞལ་རས་སྟོང་ཞེས་པའི་གྲགས་རྟགས་ཆེ་རུ་སོང་ནས། པར་ལེན་བརྩམས་ཆོས་བཤམ་སྟོན་དང་རི་འགོར་རྐང་ཐང་འགྲན་འཛེག་གི་བྱེད་སྒོ་སོགས་བརྒྱུད་དེ། ལོ་སྟོད་ལ་འབྲེལ་ཡོད་བརྗོད་གཞི་དྲྭ་ཐོག་ངོམ་ཚད་ཆེས་ཆེར་འཕར་ནས་རི་དབང་གངས་དཀར་གྱི་ཡིད་དབང་འཕྲོག་ཤུགས་རྒྱལ་ཡོངས་སུ་ཁྱབ་པར་བྱས་ཡོད།
རྒྱལ་ལམ318ནས་རླངས་འཁོར་བཏང་སྟེ་དཀར་མཛེས་ཁུལ་དུ་བསྐྱོད་པའི་འོས་སྦྱོར་བྱེད་སྒོ་རབ་རིམ་དེ་རིག་གནས་ཡུལ་སྐོར་ཁྱབ་གདལ་གྱི་མིང་བྱང་སྐད་གྲགས་ཅན་གྱུར་ནས། ཡུལ་སྐོར་འགྲུལ་བཞུད་ཁང412ལ་འབྲེལ་མཐུད་ཟབ་མོའི་ཆིངས་འཇོག་བཞག་པ་ཐད་ཀར་བསྐུལ་ཡོད་ལ། ཡུལ་སྐོར་བ་ཁྲི་བརྒྱ་ལྷག་གི་ཡིད་དབང་བཀུག་སྟེ། རྒྱང་རིང་དུ་གནས་པའི་དཀར་མཛེས་ཁུལ་ཡུལ་སྐོར་བ་མང་པོའི་གདམ་ག་བྱ་ཡུལ་དུ་གྱུར།
2025ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་འདུ་ཚོགས་སུ་གནའ་བོའི་དམངས་གཞས་དང་གློག་རྡུལ་རོལ་དབྱངས་ཀྱིས་ཡུལ་སྐོར་བ་ཁྲི་བཀུག་པ་དང་། གངས་དཀར་དུས་དར་གྱི་མཚན་ཚོགས་སུ་བོད་རིགས་ཀྱི་འཚེམ་དྲུབ་ལག་རྩལ་གར་སྟེགས་སུ་ངོམ་པ། ལི་ཐང་བསྟན་འཛིན་མི་སྣ་གཙོ་བོར་བྱས་པའི་གནས་མཆོག་འཚོལ་བ་ཞེས་པའི་དངོས་ཟིན་གློག་བརྙན་དྲྭ་ཐོག་ཏུ་གཏོང་ཐེངས་དུང་ཕྱུར10ལ་ཟིན་པ་དང་། གློག་བརྙན་དང་རིག་གནས་ཡུལ་སྐོར། ཁྱད་ཆོས་ཐོན་རྫས་བཅས་ཟུང་དུ་སྦྲེལ་བའི་མཉམ་འདྲེས་བྱེད་སྟངས་གསར་པ་བཏོད་དེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཚ་རླབས་ཆེ་རུ་འཕྱུར་དུ་བཅུག་ཡོད། 《དཀར་མཛེས་ཁུལ་གྱི་བྲག་བརྐོས་རི་མོ》ཆེད་དེབ་པར་སྐྲུན་དང་དངོས་ཟིན་གློག་བརྙན་བཏང་བར་བརྒྱུད་དེ། ཤུལ་བཞག5ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་ཐོར་ཚུད་དུ་བཅུག་ནས་རིག་གནས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་འཁོར་སྐྱོད་བཟང་པོར་ཡོང་ཡོད། སི་ཁྲོན་རོང་བྲག་གི་མཁས་དགོད་ཡུལ་གནའ་ཤུལ2025ལོའི་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་གནའ་རྟོག་གསར་རྙེད་ཆེན་པོ་བཅུའི་རྣམ་གྲངས་སུ་བདམས་པ་དང་། གནའ་རྟོག་པས་འདབ་པ་རྫོང་གི་མཐོ་སྒང་མཚེའུ་ཡི་འགྲམ་དུ་དོན་སྙིང་གལ་ཆེན་ཡོད་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་གསར་པ་ཞིག་རྙེད་པ་ལས། འགྲོ་བ་མི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་གནས་སྤོ་ཁྱབ་མཆེད་ཀྱི་མཚོ་འཕགས་ཆེས་ཆེ་བའི་ཟིན་ཐོ་བཀོད་ཡོད།
དུས་ཚིགས་ཡོངས་ལ་མཁོ་སྤྲོད་དང་ས་ཁོངས་ཡོངས་ལ་ཁེབས་པའི་རིག་གནས་ཡུལ་སྐོར་ཐོན་རྫས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། རྒྱལ་ལམ318པའི་མཛེས་ལྗོངས་ལམ་ཆེན་ནས་ཡུལ་སྡེའི་སྦས་པའི་གནས་མཆོག་བར་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་ནས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་བར་ཏེ། ཡུལ་སྐོར་གདམ་ག་སྣ་མང་ཅན་གྱིས་ཡུལ་སྐོར་བ་སོ་སོའི་འདོད་བློ་བསྐངས་ཡོད། དན་གྲངས་ལས་མངོན་པ་ལྟར་ན། 2025ལོར་ཡུལ་སྐོར་བ་ཁྲི4700ལ་སྣེ་ལེན་ཞུས་ཤིང་ཕྱོགས་འདུས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར517ལ་ཟིན་ཞིང་། 2024ལོ་དང་བསྡུར་ན་ཆེས་ཆེར་འཕར་ཡོད་པ་རེད།
ལོ་འདི་ལ། དཀར་མཛེས་ཁུལ་གྱིས་རིམ་པ་གསུམ་གྱི་མཉམ་སྐུལ་ལས་དོན་གནས་བབ་བསྐྲུན་པ་དང་། མགོ་ཁྲིད་རྒན་པས་དམ་འཛིན་གཙོ་བོ་དང་ཕྱོགས་ཁག་གིས་རམ་འདེགས་མཉམ་ལས། དམངས་ཡོངས་ཞུགས་པ་བཅས་ཀྱི་ཤེས་དཔལ་འཛུགས་སྐྱོང་མ་ལག་ཆགས་ནས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད། ཁུལ་ཡོངས་ཀྱི་གྲོང་རྡལ་དང་གྲོང་སྡེ7ལ་རྒྱལ་ཡོངས་ཤེས་དཔལ་གྲོང་རྡལ་དང་གྲོང་སྡེའི་མཚན་སྙན་ཐོབ་པ་དང་། སྡེ་ཚན4ལ་རྒྱལ་ཡོངས་ཤེས་དཔལ་སྡེ་ཚན་གྱི་མཚན་སྙན་ཐོབ། ཁྱིམ་ཚང་གཅིག་ལ་རྒྱལ་ཡོངས་ཤེས་དཔལ་ཁྱིམ་ཚང་སྐབས་གསུམ་པའི་སྙན་མཚན་ཐོབ། སློབ་གྲྭ་གཅིག་ལ་རྒྱལ་ཡོངས་ཤེས་དཔལ་སློབ་གྲྭའི་མཚན་སྙན་ཐོབ། དར་མདོ་གྲོང་ཁྱེར་ལ་ལོ་བསྟུད་མར12ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་སྐབས་བརྒྱད་པའི་མིང་འདོན་གྲོང་ཁྱེར་དུ་ངོས་འཛིན་གཏན་འཁེལ་བྱས་པ་རེད།
2025ལོར་དཀར་མཛེས་ཁུལ་གྱིས་རིག་གནས་འདུ་འགོད་ཆེན་པོས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཀྱི་རྨང་གཞི་བརྟན་པོར་བཟོས་ཡོད། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ནས་རྣམ་པར་རྒྱལ་ཏེ་ལོ་དགུ་བཅུར་འཁོར་བར་དྲན་གསོ་ཞུ་བའི་བྱེད་རབ་དང་རིམ་པ་སྤེལ་བ་དང་། དམར་དམག་སི་ཁྲོན་དུ་རྒྱང་སྐྱོད་ལོ་དགུ་བཅུ་འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་གཟུགས་མེད་རིག་གནས་ཆེད་བཤམ་བྱས་ཏེ། གསར་བརྗེའི་ཁྲག་རྒྱུན་དུས་རབས་གསར་པར་རྒྱུན་བསྐྱངས་ཡོད། གངས་དཀར་གཟེངས་བུམ་གསར་རྩོམ་གླུ་དབྱང་འགྲན་སྡུར་སྐབས་དང་པོ་གཉེར་ནས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་རྒྱུད་ཀྱིས་ཀྲུང་ཧྭ་རིག་གནས་ལ་བསྟོད་པའི་གླུ་དབྱངས་ཕུལ་ཡོད། 《དཀར་མཛེས་རི་ཆུའི་ལོ་རྒྱུས》རྩོམ་སྒྲིག་པར་དུ་བསྐྲུན་ནས་ས་ཁམས་མི་རིག་གི་མཐོང་ཟུར་ནས་ཐུན་མོང་ཁྱིམ་གཞིས་སྐྲུན་པའི་རྩ་བ་བྲིས་ཡོད། གཞི་རིམ་སྒྲོག་འགྲེལ་བ་ཝང་ཁྲང་ཧྲེན་གྱིས་ལོ་བཞི་ལ་ཉིན་གཅིག་ལྟར་མོས་མཐུན་ལྔའི་ནང་དོན་གླུ་དང་རྡེབ་བཤད་དུ་བསྒྱུུར་ནས་གང་སར་བསྒྲགས་ཡོད། འབྲི་ཆུའི་འགྲམ་ངོགས་ནས་རི་བོ་གངས་དཀར་གྱི་འདབས་བར། ཐུན་མོང་གི་དུས་སྟོན་དྲན་ཤེས། བརྩེ་དུང་བཅས་ནི་མི་རིགས་ཁག་གི་མང་ཚོགས་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཆེས་རྩ་བ་ཟབ་ཅིང་ཡུན་རིང་བར་གྱུར་ཏོ།།
རི་ཆུའི་རང་མདངས་རྣམ་པ་གསལ།།
ཁྱིམ་གཞིས་གསར་པ་མཛེས་ཤིང་སྐྱིད།།
ལོ་དེར།“9·5”ལྕགས་ཟམ་ཁ་ས་འགུལ་གནོད་ཁུལ་གྱི་སྡོད་གནས་ཡོད་པ་ནས་སྡོད་གནས་ལེགས་པོ་གྱུར་ཡོད། དཀར་མཛེས་ཁུལ་གྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་འདུ་ཤེས་གསར་པ་མཐའ་འཁྱོངས་ཏེ་སྲིད་ཇུས་ཆེན་མོ་རིགས7དང་དོན་ཚན87གཏན་འབེབས་ལག་ལེན་བསྟར་ཡོད། 2025ལོའི་ལོ་མཇུག་བར། དུད་ཚང20790ཉམས་གསོ་སྲ་བརྟན་བཏང་བ་དང་། དུད་ཚང4374ཡི་སྡོད་ཁང་བསྐྱར་སྐྲུན་གྱི་ལས་འགན་ཡོངས་སུ་གྲུབ་ཡོད། མང་ཚོགས་ཀྱི་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར8.94ཚུལ་མཐུན་སྒོས་མང་ཚོགས་ལག་ཏུ་འབྱོར་པ་དང་། ཆབས་ཅིག་ཏུ་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་ཐིག་སྤྱི་ལེ190དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ580བསྐྱར་སྐྲུན་བྱུང་ཡོད། གནོད་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། རྒན་གསོ། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་ཞན་ཆ་ཁ་གསབ་དང་། རྨང་གཞི་སྲ་བརྟན། ཡུན་རིང་པོར་ཕན་ཐོགས་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་མང་པོ་ཞིག་ལེགས་གྲུབ་བྱུང་ནས་སྤྱོད་འགོ་བཙུགས་ཡོད། དེ་གའི་མང་ཚོགས་གནས་སྡོད་བྱེད་སའི་སྡོད་གནས་དང་། སློབ་སྦྱོང་བྱེད་སའི་སློབ་ཁང་། ནད་བསྟན་སའི་སྨན་ཁང་། རྒན་གསོ་བྱེད་སའི་རྒན་གསོ་ཁང་། སྤྲོ་འཁྱམ་བྱེད་སའི་གནས་ཡུལ་སོགས་མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་ཐིག་སྤྱི་ལེ190བསྐྱར་བསྐྲུན་བྱས་ཏེ། ཡུལ་སྐོར་བ་མི་ཁྲི213སྣེ་ལེན་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར23.4ལོན་ཡོད།
ད་ལོར། དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོས་ལྗོངས་ཁུལ་སླར་གསོ་དང་ཐོན་ལས་ཀྱི་བསྐྱར་སྐྲུན་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བ་རེད། གནོད་འཚེ་ཐེབས་ཁུལ་དུ་ཁྱད་ལྡན་གྱི་ནགས་ཚལ་དང་ཤིང་འབྲས་རྟེན་གཞི་མུའུ་ཁྲི3དང་། སྔོ་ཚལ་རྟེན་གཞི་མུའུ་ཁྲི1། རྒྱ་སྨན་སྨན་རྫས་ཀྱི་རྟེན་གཞི་མུའུ་ཁྲི1། ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་རྟེན་གཞི8སོགས་གསར་དུ་བསྣན་ནས་ཁྱད་ལྡན་གྱི་ཐོན་ལས་སྦྲེལ་མ་འཕེལ་རྒྱས་བྱུང་ཡོད། གདན་ཐོག་རི་བོའི་ལྗོངས་ཁུལ“རི་གྲོང་གཞི་གཅིག”གི་བསྐྱར་སྐྲུན་རིམ་པ་བཞིན་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། རི་བོ་གངས་དཀར་གཏེར་ཆུའི་བཟོ་གྲྭ་སོགས་བསྐྱར་དུ་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ། སྤྲེལ་ཁམ་དང་དབང་ལག་ཚ་སིལ་འདེབས་འཛུགས་ཐོན་ལས་ཀྱི་ཐོན་ཚད་ལེགས་པོ་བྱུང་ཡོད། ཐོན་ལས་བསྐྱར་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཏེ། གནོད་ཁུལ་གྱི་འཕེལ་རྒྱས་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ད་ལོར། ལངས་གཟུགས་ཅན་གྱི་གནོད་འགོག་གནོད་བསྙུང་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་པོ་བསྐྲུན་ཏེ། ཉེན་མེད་འགོག་སྲུང་གི་རྨང་གཞི་སྔ་ལས་སྲ་བརྟན་བཏང་བ། དཀར་མཛེས་ཁུལ་གྱིས་ལས་གྲྭ་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་མཉམ་སྤེལ་མཐའ་འཁྱོངས་ཏེ། ས་གཤིས་གནོད་འཚེ་མངོན་མེད་རྐྱེན་ངན་འབྱུང་ཡུལ་བཅོས་སྐྱོང་བྱས་པ་དང་། ཡུལ་མིའི་སྡོད་གནས་ས་ཁུལ་དང་འགྲིམ་འགྲུལ་ལམ་ཐིག་ས་གཤིས་གནོད་འཚེའི་ཉེན་ཁ་དང་རྒྱང་བཅར་བྱས་སུ་བཅུག་པ་དང་། ས་གཤིས་གནོད་འཚེ་ཚབས་ཆེན་བཅོས་སྐྱོང་དང་འབུར་ཐང་སྐྱེ་ཁམས་ཉམས་གསོ་མཉམ་སྤེལ་བྱས་ཏེ་མངོན་མེད་ཀྱི་ཉེན་ཁ་སེལ་བར་མ་ཟད། གནོད་ཁུལ་དུ་རི་སྔོ་ཆུ་དྭངས་ཀྱི་མཛེས་ལྗོངས་ཀྱང་མཐོང་ཐུབ་པ་བྱུང་ཡོད། ཆུ་བེད་འགན་སྲུང་ནུས་པ་དམིགས་གསལ་ཆེ་རུ་ཕྱིན་པ་དང་། འཚུབ་བསྟུན་ཆུ་ཁུངས་དང་ཆུ་འདོན་མཁོ་བསྒྲིགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ་དང་། ཤྭ་འོད་འགོག་བཅོས་དང་ཆུ་ལོག་འགོག་པའི་ལས་གྲྭས་འགྲམ་རྒྱུད་མང་ཚོགས་ཀྱི་བདེ་ཐང་དང་སྒྲིག་ཆས་སོགས་སྲུང་སྐྱོང་བྱེད་བཞིན་ཡོད། མང་ཚོགས་ཀྱི་གནོད་འཚེའི་ཉེན་ཁ་ཇེ་ཆུང་གཏོང་བ་དང་འཚོ་བ་དེ་བས་བདེ་ཞིང་སྐྱིད་པར་བྱུང་ཡོད།
ལོ་གསུམ་རིང་གི་དྲིན་དྲན་ཧུར་བརྩོན་འོག་དཀར་མཛེས་ཁུལ་གྱིས་ཁམས་པའི་ས་གཞི་ཆེན་པོ་རུ་གནོད་རྗེས་བསྐྱར་སྐྲུན་གྱི་ངོ་མཚར་རི་མོ་བྲིས་ཡོད། དཀར་མཛེས་ཁུལ་ནི་དུས་རབས་གསར་པའི་མི་རིགས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དཔེ་མཚོན་དུ་གྱུར་ཡོད། ཁྱིམ་གཞིས་གསར་པར་མཛེས་སྡུག་བདེ་སྐྱིད་ལྡན་ཞིང་མ་འོངས་པར་རེ་བ་སྟོང་གིས་ཁེངས་ཡོད་དོ།།
བདེ་འཇགས་འཛུགས་སྐྱོང་གི་སྲུང་ར་བསྐྲུན།།
ཉེན་ཁ་འགོག་ཟོན་གྱི་སྲུང་ཡོལ་བཙུགས།།
ལོ་འདིར། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བྱ་བ་ཁག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ཉེན་ཁ་སྔོན་འགོག་གི་འགག་སྒོ་དམ་ཟབ་དང་སྤྱི་ཚོགས་བདེ་འཇགས་ཀྱི་མཉེན་ཆའི་རང་བཞིན་ཇེ་ཆེར་བཏང་། ནགས་ཚལ་དང་རྩྭ་ཐང་མེ་ཟོན་བཀག་རྒྱའི་འགོག་སྲུང་ར་བ་བརྟན་པོར་བསྐྲུན། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་སྟོན་གྲངས་ཟིན་ཐོ་གསར་པ་བཏོད་པར་སྐུལ་འདེད་བཏང་། “དུས་དང་རྣམ་པ་ཀུན་ཏུ”སྲུང་སྐྱོབ་བྱས་ཏེ། གངས་ལྗོངས་མཐོ་སྒང་ལ“རིག་ནུས་འགོག་ཟོན་ཞིབ་ཚགས་ལྡན་པ་དང་དམངས་འཚོ་དྲོད་སྐྱིད་ལྡན་པའི”བདེ་འཇགས་ཀྱི་རི་མོ་གསར་པ་བྲིས། འཆམ་མཐུན་དང་བརྟན་བརླིང་དེ་དཀར་མཛེས་ཁུལ་འཕེལ་རྒྱུས་སྤུས་ཚད་མཐོན་པོ་ཡོང་བའི་རྨང་གཞི་བརྟན་པོར་གྱུར་ཡོད།
ལོ་འདིར། གཞི་རིམ་བཅོས་སྐྱོང་བྱེད་ཕྱོགས“ཚན་པ་ཆུང་ཤོས”ལ་ཁྱབ་པར་བྱས་ནས་བཅོས་སྐྱོང་གི་ཕན་ནུས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན། བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་ཀུན་གྱི་རེ་འདུན“ས་ཚུགས་གཅིག”ནས་བདག་སྤྲོད་དང་། ནང་འཁོར་རྣམ་པའི་ཐོག་ནས་སྐུལ་འདེད་གཏོང་བ། འབྲེལ་ཐག་ཧྲིལ་པོའི་ཐག་གཅོད་བཅས་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་པོར་དམངས་ལ་དོན་དངོས་སྒྲུབ་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་དང་ཐག་གཅོད་བྱེད་ཚད་མཐོ་བ་རྒྱུན་འཁྱོངས་ནས་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ། སེམས་ཁྲལ་གྱི་གནད་དོན་ལ་དུས་ཐོག་ཏུ་ལན་འདེབས་དང་ཐག་གཅོད་ཐུབ་པ་བྱས། དེ་དང་ཆབས་ཅིག་ཞབས་ཞུ་ཀུན་མཁས་ལས་སྒྲུབ་པ་དང་དུད་འབྲེལ་དཔོན་ཁྲི“ཁང་པའི་ཚན་ཆུང་ཞབས་ཞུ་ཀུན་མཁས”ཁྲི11.8དུ་རྩ་བ་ཟུག་པ་དང་།“རྫོང་དང་ཡུལ་ཤོག།གྲོང་སྡེ། ཞབས་ཞུ་ཀུན་མཁས”རིམ་པ་བཞིའི་ཞིབ་བཤེར་མ་ལག་བཙུགས་ཏེ། སྲིད་གཞུང་བཅོས་སྐྱོང་དང་མང་ཚོགས་རང་སྐྱོང་ཕྱོགས་གཉིས་སུ་བསྐྱོད་པར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཞབས་ཞུ་ཀུན་མཁས་ལས་སྒྲུབ་པ་དང་དུད་འབྲེལ་དཔོན་དེ“ཆ་འཕྲིན་མི་སྣ ”དང“འདུམ་འགྲིག་མི་སྣ། ”“ཞབས་ཞུ་བ”བཅས་སུ་གྱུར་ནས་ཞིང་ཁ་དང་སྡེ་ཁུལ། རྩྭ་ཐང་དང་འབྲོག་ར་བཅས་སུ་འགྲིམས་ཏེ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་བསྡུ་རུབ་དང་ཡར་ཞུ་བྱས་ཤིང་། “བཅོས་སྐྱོང་མཇུག་སྣེ”དེ“འཆམ་མཐུན་སྔོན་བརྡ”རུ་བསྒྱུར་ནས་གཞི་རིམ་བཅོས་སྐྱོང་སྔར་བས་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བར་བྱས།
ལོ་འདིར། རིག་ནུས་འགོག་ཟོན་གྱིས་བདེ་འཇགས་འགོག་སྲུང་འཛིང་རགས་ལ་ནུས་པ་བསྩལ་བ་དང་ཚན་རྩལ་སྲུང་སྐྱོབ་སྔར་བས་གནད་ལ་འཁེལ་བར་བྱས། ཁུལ་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི“དཀར་མཛེས་ཁུལ་གྱི་དོན་ཚན་དྲུག”དོན་འཁྱོལ་ནན་པོ་བྱས་ཏེ། འབྲུབ་དུས་དང་ཐལ་དྲགས་པའི་གནམ་གཤིས་ལ་བྱེད་ཐབས་མང་པོས་མཉམ་དུ་ཁ་གཏད་བཅག། “དཀར་མཛེས་མགྱོགས་ཞུ”ཡི་བསྒྲིགས་རིམ་ཆུང་ངུ་དྲྭ་ལམ་ནས་འཁོར་སྐྱོད་བྱས། གནམ་གཤིས་སྔོན་བརྡ་དང་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན། མེ་སྐྱོན་ལྟ་སྐུལ་ཚོད་འཛིན་སོགས་གྲངས་གཞི་རིགས22བསྡུ་སྒྲིལ་བྱས་པ་དང་བདེ་འཇགས་ཆ་འཕྲིན་སྣ་ཚོགས་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་པོར་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙན་ཞུའི་གནད་དོན་དང་མངོན་མེད་རྐྱེན་ངན་ཁྲི3.3ལྷག་བདེ་བླག་ངང་ཐག་གཅོད་བྱས། “ཚན་རྩལ་ནུས་སྤྲོད”དང“ལམ་སྲོལ་མཐའ་སྤྲོད”ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་མེད་གནམ་གྲུ་སྤྱད་དེ་གཙོ་གནད་ནགས་ཁུལ་དུ་སྐོར་སྲུང་བྱེད་པ་དང་དམར་ཕྱིའི་བརྙན་ཆས་སྤྱད་དེ་མེ་སྐྱོན་གྱི་གནས་ཚུལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས། ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་གྱི་ལས་ཆོད་ཆེ་རུ་བཏང་། ལས་ཀའི་ལམ་སྲོལ་ཁག་འཐུས་ཚང་བཏང་ཏེ་ལམ་ལུགས་ཀྱི་མཁྲེགས་གཤིས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན། དེ་དང་ཆབས་ཅིག་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སློབ་གྲྭའི་བདེ་འཇགས། བཟའ་བཅའ་དང་སྨན་རྫས་ཉེན་མེད་སོགས་དམངས་འཚོ་ཁྱབ་ཁོངས་ལ་དམིགས་ནས། འགྲོ་ལམ་གྱི་མངོན་མེད་ཉེན་ཁ་ཞིབ་བཤེར་དང་། སློབ་གྲྭའི་བདེ་འཇགས་སྒྲིག་བཀོད་སྒྲིག་འཛུགས། བཟའ་བཅའ་དང་སྨན་རྫས་ཉེན་མེད་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། བདེ་འཇགས་སྲུང་སྐྱོང་དེ་ཉེན་བརྡ་གཏོང་བ་ནས་ཐག་གཅོད་བྱེད་པའི་བར་དུ་འབྲེལ་མཐུད་དམ་ཟབ་བྱས་ནས་མང་ཚོགས་ཕྱོགས་ཡོངས་ཀྱི་བདེ་འཇགས་ར་བ་བརྟན་པོར་བསྐྲུན།
ལོ་འདིར། དམངས་འཚོ་བདེ་འཇགས་ཀྱི“མཐིལ་རྟོལ”སྔར་ལས་ཞིབ་ཕྲ་དང་དངོས་ཡོད་ལ་བསྒྱུར་ཏེ། བདེ་འཇགས་ཚོར་སྣང་རྒྱུན་གཏན་གྱི་འཚོ་བར་འདྲེས་པར་བྱས། དཀར་མཛེས་ཁུལ་གྱིས་སྔ་ཙམ་ནས་དམ་འཛིན་དང་ཆུང་ངུ་ནས་དམ་འཛིན་མཐའ་འཁྱོངས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས“སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ཐེ་གཏོགས། སྔ་ཙམ་ནས་སེལ་བ”མངོན་འགྱུར་བྱས་ཏེ་བདེ་འཇགས་སྲུང་སྐྱོང་གཅིག་སྡུད་བཅོས་སྐྱོང་ནས་རྒྱུན་གཏན་གྱི་དོན་དག་ཆུང་ངུར་ཁྱབ་པར་བྱས། ལྗོངས་ཁུལ་གྱི་གློག་རྡུལ་བརྙན་ཤེལ“དེ་རིང་བདེ་འཇགས་གནད་དོན་ཐོན་མེད”དུས་ཐོག་ཏུ་བསྒྲགས་ནས་ཡུལ་སྐོར་བར་སེམས་བདེ་བག་ཕེབས་ངང་ཡུལ་སྐོར་བྱེད་དུ་བཅུག། འབྲོག་པའི་སྦྲ་གུར་གྱི་ཕྱི་རོལ་དུ“འཚུབ་བསྟུན་འབྲེལ་བྱང”བཀལ་ནས་ཐག་རིང་ས་ཁུལ་གྱི་མང་ཚོགས་དཀའ་ངལ་ལ་འཕྲད་ན་རོགས་སྐྱོར་ཡོད་པར་བྱས། ཉེན་རྟོག་པས་ཐོ་རེངས་ཁྲོམ་སྐོར་དང་སྲང་ལམ་སྐོར་གཡེང་བྱས་ནས་ཚོང་པས་བློ་བདེ་ངང་ཚོང་ཁང་བསྡུ་གསོག་དང་མང་ཚོགས་སེམས་བདེ་ངང་འགྲོ་སྐྱོད་བྱེད་དུ་བཅུག། ཁུལ་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཟུང་དུ་འབྲེལ་བའི་དམངས་འཚོ་བདེ་འཇགས་དྲ་བ་སྒྲིག་བཀོད་བྱས་པ་དང་། སྤྱི་བདེ་དང་འཚུབ་བསྟུན། སྡེ་ཁུལ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ། སྲིད་གཞུང་གི་ཆེད་ལས་སྲུང་སྐྱོང་དང་མང་ཚོགས་ཀྱི་རྒྱུན་གཏན་ཤེས་ཚོར་ཟུང་འབྲེལ་དམ་ཟབ་བྱས་ཏེ། དཀའ་ངལ་ལ་རོགས་སྐྱོར་ཡོད་པའི“གཅེས་སེམས”རྒྱུན་གཏན་གྱི་ཚད་གཞིར་གྱུར་ནས་མང་ཚོགས་ཀྱི་བཟའ་བཏུང་དང་སྡོད་ཁང་། ཐོན་སྐྱེད་འཚོ་བ་བཅས་ཀྱི་ཁོངས་ཡོངས་སུ་བདེ་འཇགས་ཀྱི་ཚོར་སྣང་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།
ཁྲིམས་སྐྱོང་དཀར་མཛེས་འཛུགས་སྐྱོང་བརྟན་བརླིང་སྒོས་སྐུལ་འདེད་བཏང་། བདེ་འཇགས་དཀར་མཛེས་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན། བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་བ་དང་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་སྤེལ། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པར་མ་ཟད་དྲང་གཞག་དྲང་བདེན་གྱི་ཉི་འོད་གངས་ལྗོངས་མཐོ་སྒང་ལ་འཕྲོས་པར་བྱས། སྤྱི་ཚོགས་འཆམ་མཐུན་དང་ཁྲིམས་བཟང་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། བདེ་འཇགས་དང་མཛེས་སྡུག་བཅས་ཀྱི་རྣམ་པ་རི་ལུང་ཡུལ་གྲུ་ཀུན་ཏུ་ཁྱབ་པར་བྱས། “ཟབ་རྨོ་དང་བཅོས་ལེགས”ཀྱི་གོམ་སྟབས་དང་བསྟུན་ནས་རིམ་བཞིན་ཁྱབ་སྤེལ་བྱས་ནས་དཀར་མཛེས་བུ་ཕྲུག་རྣམས་ཀྱིས་མིག་མཐོང་ལག་ཟིན་གྱི“བདེ་སྐྱིད་བྱང་བུ”ངོ་མར་གྱུར་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།། ( ཀུན་དགའ་བསམ་གཏན་དང་སྐལ་བཟང་རྒྱ་མཚོས་བསྒྱུར།)
ལུས་རྩལ་འགྲན་སྡུར་ལ་གསོན་ཤུགས་ལྡན།། མཐོ་སྒང་ལུས་རྩལ་གྱི་ཉམས་འགྱུར་མངོན།།
ལྕགས་ཟམ་རྫོང་གི་ཕོ་གསར་ཏེང་ཀྲི་ཝུས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྐྱེས་པའི་མི་རྐྱང་སྐྱ་གཉིས་འགྲན་སྡུར་ལས་སྐར་མ4དང་སྐར་ཆ59 17ཡིས་གསེར་གྱི་རྟགས་མ་བླངས།དེས་དཀར་མཛེས་ཁུལ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད།གསེར་གྱི་རྟགས་མ་བླངས་པ་འདི་འདྲའི་སྟབས་བདེ་དང་ལས་སླ་མོ་ཞིག་མིན་ཏེ་ཁོང་གི་རྒྱལ་ཁའི་ལམ་བུར་དཀའ་ངལ་དང་འབད་འཐབ་ཀྱིས་ཁེངས་ཡོད། ཁམས་པའི་ཕོ་རྒོད་དེས་སྦྱོང་བརྡར་བྱེད་རིང་དམིགས་བསལ་སྙིང་རུས་ལ་བརྟེན་ནས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ཀྲུའུ་ཅང་གཙང་པོའི་ཐོག་ལ་སྐད་གྲགས་བཞག་ཡོད།
རང་ཡུལ་གྱི་ཟོང་རྟགས་འགྲན་སྡུར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དཀར་མཛེས་ཁུལ་གྱི་ཉམས་འགྱུར་མངོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་གཉིས་པའི་གངས་དཀར་བུམ་པའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་གདན་འདྲེན་འགྲན་སྡུར་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། འགྲན་སྡུར་ལས་སྐབས་དང་པོའི་རུ་ཁག9ནས་རུ་ཁག13བར་རྒྱ་སྐྱེད་བཏང་སྟེ། སི་ཁྲོན་དང་ཡུན་ནན།བོད་ལྗོངས།མཚོ་སྔོན།ཀན་སུ་སོགས་ཞིང་ཆེན་ལྔ་ལ་ཁྱབ་ནས་ས་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་རུ་ཁག་ཞིག་ཏུ་གྱུར་ཡོད། འགྲན་སྡུར་གྱིས“ལུས་རྩལ་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་བྱེད་སྟངས་སྤྱད་དེ། ལུས་རྩལ་པ་ཚོས་མཚོ་འཕགས་སྨི2500ཡོད་པའི་མཐོ་སྒང་འགྲན་རའི་ཐོག་འགྲན་སྡུར་བྱེད་པ་ལས་གཞན། ད་དུང་ཇ་འདྲེན་རྡལ་ལམ་གྱི་རིག་གནས་ཉམས་ལེན་དང་། འདབ་པའི་ཉི་སྟེན་གྱི་སྟོན་ལྗོངས་ལ་མྱོང་རོལ་བྱས་ཏེ། ལུས་རྩལ་འགྲན་སྡུར་དེ་རིག་གནས་དང་ཡུལ་སྐོར་སྦྲེལ་མཐུད་ཀྱི་འབྲེལ་ཐག་ཏུ་གྱུར་ཡོད།
2025ལོའི་དཀར་མཛེས་ལུས་རྩལ་ཐད་གྲུབ་འབྲས་ཐོབ་ནས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་ཆགས་ཡོད། ཁུལ་འཐུས་མིའི་རུ་ཁག་གིས་རུ་ཁག་བསྡུས་ནས་སི་ཁྲོན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་འགྲན་སྡུར་ལ་ཞུགས་པ་དང་།འགྲན་སྡུར་ཐེངས་རེར་དྲྭ་ཐོག་ནས་ཐད་གཏོང་བལྟས་ཚད་ཁྲི་བརྒྱ་ལས་བརྒལ་ཡོད།འགྲན་སྡུར་ལ་ལྟ་བའི་ཚ་རླབས་བསླངས་ནས་མཐོ་སྒང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་མི་དེ་བས་མང་པོས་བལྟས་ཐུབ་ཡོད།ཁའེ་ལེ་ཧྲི་གངས་དཀར་སྤྱི་ལེ100ཡི་འཁྱགས་ཀླུང་མུ་མཐའི་འགྲན་སློང་འགྲན་སྡུར་བདེ་བླག་ངང་གཉེར་བ་དང་། རྒྱལ་ཁབ18ནས་ཡོང་བའི་མུ་མཐའི་རྒྱུགས་མཁན་རྣམས་དུང་དཀར་ལུང་པའི་འཁྱགས་རོམ་གྱི་གསང་བའི་ས་ཁོངས་བརྒྱུད་རང་ཉིད་ལ་འགྲན་སློང་བྱེད་པ་དང་ཆབས་ཅིག་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་མྱོང་ཚོར་བྱས། ཉག་ཆུ་ཁ་དང་། གསེར་རྟ།བརྒྱད་ཟིལ།སྡེ་རོང་རྫོང་སོགས་ཀྱིས་སྔ་རྗེས་སུ་སྤོ་ལོའི་གདན་འདྲེན་འགྲན་སྡུར་གཉེར་བ་དང་གྲོང་སྡེ་རིམ་པའི་སྤོ་ལོའི་འགྲན་སྡུར་ཡུལ་ཤོག་དང་གྲོང་རྡལ་ཡོངས་སུ་ཁྱབ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གི་འདུ་ཤེས་གཞི་རིམ་དུ་ཟབ་འཇུག་བྱས་ཡོད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་ལུས་རྩལ་ཁང་གི་སྒྲིག་བཀོད་མུ་མཐུད་རིམ་སྤོར་བྱས་པ་དང་།དར་མདོའི་གཡག་རྭ་ལྟག་སྒོ་ལུས་རྩལ་ཐང་གི་རིག་ནུས་རིམ་སྤོར་ལེགས་གྲུབ་བྱུང་བ། འདབ་པའི་མཐོ་སྒང་གི་སྦྱོང་བརྡར་རྟེན་གཞི་དུས་རིམ་གཉིས་ཀྱི་འཛུགས་སྐྲུན་བྱེད་འགོ་འཛུགས་པ། འཐུས་སྒོ་ཚང་བའི་མཁྲེགས་ཆས་སྒྲིག་ཆས་ཀྱིས་ཆེད་ལས་སྦྱོང་བརྡར་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་འགན་ལེན་བརྟན་པོ་བྱས་ནས་མང་ཚོགས་དེ་བས་མང་བ་ལུས་རྩལ་བྱེད་སྒོར་ཞུགས་ཐུབ་པ་བྱུང་ཡོད།
ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་དཀར་མཛེས་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ཡུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་དང་ཟློས་མཐུན་མཉམ་འདར་བྱས་ཡོད། “འགྲན་སྡུར་དང་མཉམ་དུ་ཡུལ་སྐོར་ལ་འགྲོ་བ”ནི་དུས་རབས་གསར་པའི་དཀར་མཛེས་རིག་གནས་ཡུལ་སྐོར་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཞིག་ཏུ་གྱུར་ཡོད། ལུས་རྩལ་འགྲན་སྡུར་གྱིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྔར་བས་སྐུལ་སྤེལ་བཏང་སྟེ། རིག་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་བསྐུལ་ཡོད། ཏེང་ཀྲི་ཝེས་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཐོག་གསེར་གྱི་རྟགས་མ་བླངས་པ་ནས“གངས་དཀར་བུམ་པ”ཡི་མཚམས་བརྒལ་མཉམ་འདྲེས་བར་དང་། ཆེད་ལས་འགྲན་སྡུར་ནས་དམངས་ཡོངས་ལུས་སྦྱོང་བར་དཀར་མཛེས་ཁུལ་ལུས་རྩལ་གྱིས་ངར་ཤུགས་ཆེ་བའི་རྣམ་འགྱུར་ཐོག་ནས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་མཐོ་སྒང་དུ་མི་སེམས་འགུལ་བའི་དུས་རབས་ཀྱི་རྒྱུགས་ཤོག་འབྲི་བཞིན་ཡོད།།
