国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི2026ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀའ་རྒྱ།

ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕན་འབྲས་ལྡན་པའི་ངང་སྔོན་འགོག་དང་གསོད་ཐུབ་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར། སྐྱེ་ཁམས་ཉེན་མེད་ཐད་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》《ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྲོལ་ཡིག》《སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྲོལ་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་གསལ་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་སྟེ།

གཅིག། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཚོད་ཁ་གསལ་བཟོ་དགོས།

2026ལོའི་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་ནི་སྤྱི་ཟླ་དང་པོའི་ཚེས1ནས་སྤྱི་ཟླ6ཚེས30ཉིན་བར་དང་། སྤྱི་ཟླ10ཚེས1ནས་སྤྱི་ཟླ12ཚེས31ཉིན་བར་ཡིན་ཞིང་། དེའི་ནང་སྤྱི་ཟླ2ཚེས1ནས་སྤྱི་ཟླ5ཚེས10བར་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་ཉེན་ཆེས་ཆེ་བའི་དུས་ཡུན་ཡིན་པ་རེད། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་འཛིན་ཁུལ་དེ་གའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་དང་མེ་སྐྱོན་ཉེན་ཁ་ཆེ་བའི་དུས་ཡུན་ཇེ་རིང་དུ་བཏང་སྟེ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པ་དང་འབྲེལ་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་བཀོད་འདོམས་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

གཉིས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཁུལ་དབྱེ་འབྱེད་བྱ་དགོས།

ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་ནང་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཁྱབ་ཚུལ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་བའི་ཆོས་ཉིད་ལ་གཞིགས་ནས་ནགས་རྩྭ་མེ་ཟོན་ཁུལ་དབྱེ་འབྱེད་བྱ་དགོས། དྲོད་ཚད་མཐོ་བ་དང་ཐན་པ་བྱུང་བ། རླུང་ཆེ་བ། གློག་འཁྱུག་དྲག་པོ་སོགས་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་གནམ་གཤིས་སྔོན་བརྡ་གཏོང་སྐབས། ནགས་རྩྭའི་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དབྱེ་དགོས། དབྱེ་འབྱེད་བྱས་པའི་ནགས་རྩྭ་མེ་ཟོན་ཁུལ་དང་ནགས་རྩྭ་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པར་མ་ཟད། ཁུལ་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

གསུམ། དུས་ཐོག་ཏུ་མེ་རྒྱ་སྡོམ་པའི་བཀའ་རྒྱ་བསྒྲག་དགོས།

ནགས་རྩྭའི་མེ་ཉེན་ཆེ་བའི་ཁུལ་དུ། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་མེ་རྒྱ་སྡོམ་པའི་བཀའ་རྒྱ་བསྒྲགས་ཏེ། མེ་རྒྱ་སྡོམ་པའི་དུས་ཚོད་དང་། ས་ཁོངས། བྱེད་ཐབས་བཅས་ཁ་གསལ་བཟོས་ཏེ། བྱེས་སུ་མེ་སྤྱོད་པ་མཐའ་དག་གཏན་འགོག་བྱེད་པ་དང་། ནགས་རྩྭ་ལ་མེ་སྐྱོན་འབྱུང་སྲིད་པའི་བྱེས་མིན་པའི་མེ་སྤྱོད་ལ་དོ་དམ་ནན་པོ་བྱ་དགོས།

བཞི། བྱེས་མེའི་འབྱུང་ཁུངས་ལ་དོ་དམ་ནན་པོ་བྱ་དགོས།

ནགས་རྩྭ་མེ་ཟོན་དུས་ཡུན་ནང་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས།

( གཅིག།)ནགས་རྩྭ་མེ་ཟོན་ཁུལ་གྱི་བྱེས་སུ་ཐ་མག་འཐེན་པ་དང་། དུར་ཤོག་སྲེག་པ། སྤོས་སྲེག་པ། པྲ་སྒྲོན་སྦར་བ།བསང་གཏོང་བ། ཤོག་སྦག་གཏོང་བ། ཁུང་མིང་ལྒང་ཞུ་གཏོང་བ། སྦྲང་མ་སྲེག་པ། རི་བསྲེགས་ནས་གཅན་གཟན་འདེད་པ། གློག་ཆས་ཀྱིས་རི་དྭགས་རྔོན་པ། དཔལ་འབར་མེ་སྒྲོན། མེ་སྲོ་བ། བྱེས་སུ་ཟས་གཡོས་པ། སོལ་བ་སྲེག་པ། ས་རྒོད་སྲེག་པ། ཞིང་ཁ་སྲེག་པ། མུ་ཚིགས་སྲེག་པ། སོག་མ་སྲེག་པ། ཐལ་བསྲེགས་ལུད་གསོག། གད་སྙིགས་སྲེག་པ། བྱེས་སུ་སྒར་བཏབ་སྟེ་མེ་སྤྱོད་པ། བེམ་པོ་སྲེག་པ་སོགས་དམངས་སྲོལ་དང་མཆོད་འབུལ་སོགས་མེ་སྤྱོད་པ་དང་དེ་བཞིན་བྱེས་སུ་མེ་སྤྱོད་གཞན་དག་བཅས་གཏན་འགོག་བྱ་དགོས།

( གཉིས།) ཞིང་ལས་དང་ནགས་ལས།འབྲོག་ལས་སོགས་ཐོན་སྐྱེད་དང་། ནད་སྡོང་སྲེག་པ། ལས་གྲྭའི་རྩད་ཞིབ་ཇུས་འགོད། ཨར་ལས་རྒྱག་པ། འཆར་འགོད་ལྟར་སྲེག་སེལ་སོགས་བྱེས་སུ་ཐོན་སྐྱེད་བྱེད་པར་དངོས་གནས་མེ་སྤྱད་དགོས་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་ངམ་འབྲེལ་ཡོད་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དབང་ཆ་དང་ལེན་བྱེད་མཁན་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་ལ་ཁྲིམས་ལྟར་མེ་སྤྱད་རྒྱུའི་རེ་ཞུ་འབུལ་དགོས་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་ཞུ་དགོས། ཞིབ་བཤེར་ཆོག་མཆན་ཐོབ་རྗེས། དུས་ཚོད་དང་ས་གནས་དམིགས་འཛུགས་བྱེད་པ།ཡུལ་དངོས་ཀྱི་འགན་འཁུར་མི་སྣ་གཏན་འཁེལ་ཁ་གསལ་བཟོ་བ་དང་། “མེ་ཤོར”སྔོན་འགོག་སོགས་དགོས་ངེས་ཀྱི་ཉེན་མེད་བྱ་ཐབས་སྤྱོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒྲིག་འཛུགས་ལག་ལེན་བསྟར་དགོས། རྫོང(གྲོང་ཁྱེར)ནགས་ཚལ་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་མངའ་ཁོངས་ཀྱི་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ཉེན་མེད་ཞིབ་བཤེར་བྱ་དགོས། བྱེས་སུ་ལས་ཀ་བྱེད་པའི་འཕྲུལ་ཆས་སྒྲིག་ཆས་ལ་མེ་ཟོན་བྱེད་ཐབས་སྤྱད་དགོས་པ་དང་། བཀོལ་སྤྱོད་མི་སྣས་མེ་ཟོན་ཉེན་མེད་བཀོལ་སྤྱོད་སྒྲིག་སྲོལ་བསྲུངས་ནས་མེ་ཤོར་བར་སྔོན་འགོག་བྱ་དགོས། ནད་འབུ་དང་བྱི་བའི་གནོད་འཚེ།འཁྱགས་གནོད་སོགས་དམིགས་བསལ་གྱི་གནས་ཚུལ་འགོག་བཅོས་བྱེད་དགོས་པའི་དབང་གིས་དངོས་གནས་བྱེས་སུ་མེ་སྤྱད་དགོས་ན། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྒྱུར་མ་ཟད། བླང་བྱ་ལྟར་མེ་ཟོན་བྱེད་ཐབས་སྤྱད་ནས་མེ་ཤོར་ནན་འགོག་བྱ་དགོས། མེ་ཟོན་ཁུལ་དུ་དམག་དོན་མིན་པའི་དངོས་མདེལ་གྲབས་སྦྱོང་དང་འབར་གཏོར་སོགས་བྱེད་སྒོ་སྤེལ་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པར་མ་ཟད། དགོས་ངེས་ཀྱི་མེ་ཟོན་བྱེད་ཐབས་སྤྱད་དགོས། མེ་ཟོན་དུས་ཡུན་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་རྩ་འཛུགས་བཅས་མེ་འགོག་ཁུལ་དུ་འཛུལ་ནས་འབར་མདེལ་དངོས་ཀྱི་གྲབས་སྦྱོང་དང་འབར་གཏོར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་དང་ཛ་དྲག་གི་ལས་འགན་གཞན་དག་ལག་བསྟར་བྱ་དགོས་ཚེ། སྔོན་ལ་དགོས་ངེས་ཀྱི་མེ་ཟོན་བྱེད་ཐབས་སྤྱོད་དགོས་པར་མ་ཟད། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་བརྡ་ཁྱབ་གཏོང་དགོས། མི་སུ་ཞིག་ཡིན་རུང་མེ་འགོག་ཁུལ་དུ་མེ་སོན་བསྐྱུར་མི་ཆོག།

( གསུམ།)གཏན་འབེབས་ལྟར་ནགས་ཁུལ་གྱི་ལམ་གཙོ་བོ་དང་རྒྱལ་དབང་ནགས་རའི་ནགས་ཁུལ་དང་། ནགས་ཚལ་དང་འབྲེལ་བའི་རང་བྱུང་སྲུང་སྐྱོང་གནས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་འགྲོ་ལམ་དུ་གནས་སྐབས་རང་བཞིན་གྱི་ནགས་རྩྭ་མེ་ཟོན་ཞིབ་བཤེར་ས་ཚུགས་འཛུགས་དགོས་པར་མ་ཟད། ནགས་རྩྭ་མེ་ཟོན་ཉེན་བརྡ་བྱང་བུ་དང་ཉེན་བརྡའི་ཆ་འཕྲིན་སྣེ་སྟོན་བྱང་བུ་སྒྲིག་སྦྱོར་བྱ་རྒྱུ་དང་།མེ་ཁུངས་འཚོལ་ཆས་སྒྲིག་སྦྱོར་བྱ་དགོས། ནགས་རྩྭ་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དུ་འགྲོ་ཚེ། ས་གནས་དེ་གའི་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྒྱུར་མ་ཟད་ནགས་ལས་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས། སྡེ་ཚན་དང་མི་སྒེར་གང་ཡིན་རུང་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་བྱ་དགོས།

( བཞི།)ནགས་རྩྭ་མེ་ཟོན་ཁུལ་དུ་ལས་ཀ་བྱེད་པའམ་ཡང་ན་གཏོང་བཞིན་པའི་འཕྲུལ་འཁོར་རིགས་ལ་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས་ཤིང་།མེ་མཆེད་པ་དང་། མེ་གཏོར་པའམ་ཡང་ན་བཀག་རྫ་ལྷུང་ནས་མེ་ཤོར་བར་ནན་འགོག་བྱ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་སྡེ་ཚན་དང་མི་སྒེར་གྱིས་ནགས་རྩྭ་མེ་ཟོན་ཁུལ་དུ་འགྲོ་མཁན་ཁ་ལོ་བ་དང་འགྲུལ་པ་རྣམས་ལ་ནགས་རྩྭ་མེ་ཟོན་དྲིལ་བསྒྲགས་སློབ་གསོ་བྱ་དགོས།

( ལྔ།)ནགས་རྩྭ་མེ་ཟོན་ཁུལ་ནང་ནགས་རྩྭ་མེ་སྐྱོན་འབྱུང་སྲིད་པའི་བྱེས་མིན་མེ་སྤྱོད་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བཀག་སྡོམ་བླང་བྱ་ལྟར་དོ་དམ་ནན་པོ་བྱ་དགོས།

གོང་གསལ་གྱི་གཏན་འབེབས་ལས་འགལ་རིགས་ལ་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནམ་འབྲེལ་ཡོད་སྲིད་འཛིན་ཆད་གཅོད་དབང་ཆ་དང་ལེན་ཐུབ་ཅིང་ནུས་པ་ཡོད་པའི་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ཁྲིམས་ལྟར་དེ་མཚུངས་ཀྱི་ཆད་གཅོད་བྱ་རྒྱུ། ཉེས་གསོག་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས། ནགས་རྩྭ་མེ་ཟོན་དུས་བཀག་ནང་ནགས་རྩྭ་མེ་ཟོན་ཁུལ་གྱི་བྱེས་སུ་དུར་ཤོག་སྲེག་པ་དང་ཐ་མག་འཐེན་པ་སོགས་སྒྲིག་འགལ་གྱིས་མེ་སྤྱོད་མཁན་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅད་རྒྱུ། གཞུང་ཞབས་མི་སྣ(ལས་འཁྱུར་ངལ་གསོ་མི་སྣ་ཚུད)ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་པའམ་ཡང་ན་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་རྒྱུ། དེ་གར་བཀག་འགོག་མི་བྱེད་པའམ་ཡང་ན་བཀག་འགོག་ཡག་པོ་མི་བྱེད་པའི་གཞུང་དོན་མི་སྣ(ལས་འཁྱུར་ངལ་གསོ་མི་སྣ་ཚུད)དང་གྲོང་སྡེ་དང་ཚོ་ཆུང་གི་ལས་བྱེད་པར་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་པའམ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་རྒྱུ། མེ་སྐྱོན་ཤོར་ནས་བྱས་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་རྒྱུ།

ལྔ། མེ་སྐྱོན་གྱི་མངོན་མེད་ཉེན་ཁར་ཚགས་བཤེར་དང་དག་ཐེར་བཅོས་སྐྱོང་བྱ་དགོས།

ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན(ལས་ཁུངས)ཁག་གིས་འབྱུང་རྩ་བཅོས་སྐྱོང་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ལས་ཀའི་མ་ལག་ལེགས་སུ་བཏང་ནས། ནགས་ཚལ་སྤྱི་གླིང་དང་གྲོང་ཁུལ་རི་ངོས་སོགས་གཙོ་གནད་ཁྱབ་ཁོངས་མངོན་གསལ་དུ་བྱས་ཏེ། ནགས་རྩྭ་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་ཚགས་བཤེར་དང་དག་ཐེར་བཅོས་སྐྱོང་ཁྱོན་ཡོངས་ལ་ཁེབས་པ་དང་རྒྱུན་ཚུལ་ཅན་དུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། མངོན་མེད་ཉེན་ཁའི་རྩིས་ཐོ་དང་འགན་འཁྲིའི་རྩིས་ཐོ་བཟོས་ནས་ཐོ་ཨང་སུབ་པའི་དག་ཐེར་བྱེད་སྟངས་སྤྱད་དགོས། ནགས་རྩྭ་མེ་ཟོན་ཁུལ་ནང་དུ་ཡོད་པའི་གྲོང་རྡལ་དང་གཞུང་ལམ། གྲོང་སྡེ(དུད་ཚང་།)སློབ་གྲྭ། སྨན་ཁང་། རྒན་གསོ་ཁང་། དགོན་པ། རིག་དངོས་སྲུང་སྐྱོང་སྡེ་ཚན། འབར་སླ་གས་སླ་བའི་ས་ཚུགས་ཁང་མཛོད། བཟོ་གྲྭ། གཏེར་རི། གློག་འདོན་ཁང་། ཨར་པོ་རྒྱག་ཡུལ། རྐང་འགྲོས་ངལ་གསོ་ས་ཚུགས། ལྗོངས་ཁུལ་གྱི་ཡུལ་སྐོར་རྐང་ལམ། མཆོད་འབུལ་དང་བསང་གཏོང་ས། སྤྱི་པའི་དུར་ས་སོགས་ས་ཆ་གཙོ་གནད་དང་། དམིགས་འབེན་གཙོ་གནད། སྒྲིག་བཀོད་གལ་ཆེན། དེ་བཞིན་ནགས་རྩྭ་མེ་སྐྱོན་ཉེན་ཁ་ཆེ་བའི་ས་མཚམས་ཀྱི་ཨར་ལས་ས་ཁོངས་དང་། གློག་ཤུགས་དང་གློག་འཕྲིན་སྐུད་ལམ་སྒྲིག་བཀོད་སོགས་ལ། འབྲེལ་ཡོད་འགན་འཁྲིའི་སྡེ་ཁག(ལས་ཁུངས)གིས“ཉེ་འཁོར་ལྔ་དང་རྒྱུད་ངོགས་ལྔའི”འཆར་གཞི་བཟོས་ཏེ། ལས་བཀོད་སྒྲིག་བཟོ་བསལ(བསྲེག) བ་དང་། དགོས་ངེས་ཀྱི་མེ་ཟོན་འབྲེལ་ལམ་གཅོད་མཚམས་བཟོ་བ། ཤིང་སྡོང་ཐོག་གི་གློག་སྐུད་ཀྱི་མངོན་མེད་ཉེན་ཁ་བཅོས་སྐྱོང་བྱེད་པ་སྟེ། ལམ་རྒྱུད་དང་མཐའ་འཁོར། ཤིང་འོག་གི་ཡལ་ག་སྐམ་པོ་དང་འདབ་ལོ། རྩྭ་ལྡུམ་སོགས་འབར་ཉེན་འབར་སླ་ཆེ་བའི་དངོས་པོ་བསལ་(བསྲེག)དགོས། གློག་ཤུགས་དང་འཕྲིན་གཏོང་སྐུད་ལམ་ལ་དུས་བཀག་ལྟར་སྐོར་སྲུང་དང་ཉེན་མེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་བཅོས་སྐྱོང་བྱེད་པ་དང་། སྟོང་ཝོལ10དང་དེའི་མན་གྱི་གློག་འདྲེན་གཏོང་སྐུད་ལམ་རྙིང་པ་དང་རྙིང་ཧྲུལ་དུམ་མཚམས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྟོང་ཝོལ35དང་དེའི་མན་གྱི་གློག་འདྲེན་གཏོང་སྐུད་ལམ་གྱི་ནགས་ཚལ་མེ་སྐྱོན་ཉེན་ཁ་ངོས་འཛིན་གནད་སྨིན་དང་སྔོན་བརྡ་ཉེན་སྟོན་ནུས་པ་ཏན་ཏིག་ཆེ་རུ་གཏང་དགོས། རིམ་པ7དང་དེའི་ཡན་གྱི་རླུང་ཆེན་སྔོན་བརྡ་ཐོན་སྐབས་དུས་ཐོག་ཏུ་བརྡར་གཅོད་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་གློག་གཅོད་སྒོ་འཐེན་ནས་གློག་གཅད་པའི་བྱེད་ཐབས་སྤྱད་དེ་གནས་ཚུལ་སྟབས་མི་ལེགས་པ་དང་གནམ་གཤིས་ཐལ་དྲགས་འོག་ཉེན་ཁ་མི་ཡོང་བ་བྱ་དགོས།།

དྲུག། ས་ཁོངས་དང་རིམ་པ་བགོས་ནས་འགོག་ཟོན་གནད་ལ་འཁེལ་བ་བྱ་དགོས།

ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ས་གནས་དེ་ག་དང་སྡེ་ཚན་དེ་གའི་མེ་སྐྱོན་ཉེན་ཁའི་རིམ་པ་དང་མེ་སྐྱོན་ཉེན་ཁའི་ས་ཁོངས་སོགས་གཞིར་བཟུང་ནགས་རྩྭ་མེ་ཟོན་འགན་འཁྲིའི་ས་ཁོངས་བགོས་ཏེ། འགན་འཁུར་པ་དང་འགན་འཁྲི་ལས་འགན་ཁ་གསལ་བཟོ་བ་དང་། དྲྭ་མིག་ལྟ་བུའི་དོ་དམ་བྱེད་སྟངས་སྤྱད་དགོས། དུས་བདེ་དཀར་མཛེས་མ་ལག་འདུས་གྲུབ་སྟེགས་བུ་དང་ཟུང་དུ་སྦྲེལ་ཏེ། དམར་མཚལ་སེར་སྔོན་གྱི་ཉེན་སྟོན་རིམ་པ་དང་བརྡ་ལེན་བྱ་ཐབས་ལྟར་མེ་སྐྱོན་ཉེན་སྟོན་རིམ་པ་བཞིན“འབོད་ལེན”ལམ་སྲོལ་དང་། ས་ཁོངས་དང་རིམ་པ་བགོས་པའི་འགོག་ཟོན་གནད་ལ་འཁེལ་བའི་བྱ་ཐབས་ལག་ལེན་ནན་པོར་བསྟར་དགོས། ཡུལ་མིས་སྒོ་བྱང་བརྒྱབ་ནས་རེས་མོས་ལས་རེས་དང་རི་སྐོར་ཞིབ་ནགས(རྩྭ)སྲུང་བའི་ལམ་ལུགས་དོན་ལ་འཁྱོལ་བ་དང་། ཐོན་སྐྱེད་མེ་སྤྱོད་ཞིབ་མཆན་ཅན་དང་། འཚོ་བའི་མེ་སྤྱོད་ལམ་ལུགས་ཅན། དམངས་སྲོལ་མེ་སྤྱོད་རྩིས་ཐོ་ཅན། མེ་སྤྱོད་ལྟ་སྐུལ་དྲྭ་མིག་ཅན་བཅས་ཀྱི་དོ་དམ་ལག་བསྟར་བྱ་དགོས། དམངས་དོན་བྱ་སྤྱོད་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ལ་ཚོད་འཛིན་ཐེབས་མཁན་ལ། ལྟ་སྐྱོང་གི་འགན་འཁྲི་ཡོད་མཁན་སྡེ་ཚན་དང་མི་སྒེར་གྱིས་བྱ་ཐབས་སྤྱད་དེ་ལྟ་སྐྱོང་བྱ་ཡུལ་གྱིས་བྱེས་སུ་མེ་སྤྱོད་པ་དང་མེ་རྩེ་བར་བཀག་འགོག་བྱ་དགོས། ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་དང་མཛུབ་ཁྲིད་ལ་ཤུགས་བརྒྱབ་ནས་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་སྡེ་ཚན་བཅས་ལ་མེ་ཟོན་ཞིབ་བཤེར་དང་རི་སྐོར་ནགས་སྲུང་ལ་ཤུགས་བརྒྱབ་ནས་རི་སྲུང་ཐུབ་པ་དང་མི་ལྟ་ཐུབ་པ། མེ་ཟོན་ཐུབ་པ་བཅས་བྱ་རྒྱུ་ལྟ་སྐུལ་བྱ་དགོས།

བདུན། འཚུབ་བསྟུན་གྲ་སྒྲིག་དང་ཚན་རིག་ལྟར་ཐག་གཅོད་བྱེད་པར་ཤུགས་བརྒྱག་དགོས།

རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག(ལས་ཁུངས)གིས་ཚན་མཐུན་ལུགས་མཐུན་དང་འདེགས་སྐྱོར་ནུས་ལྡན་གྱི་འགན་སྲུང་མ་ལག་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏང་དགོས། མེ་ཟོན་མེ་གསོད་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ནགས་རྩྭ་མེ་སྐྱོན་འཚུབ་བསྟུན་སྔོན་བཀོད་འཆར་གཞི(བྱ་ཐབས་དང་གོ་རིམ)སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཚན་རིག་རང་བཞིན་དང་ཉེན་མེད་རང་བཞིན་ཆེ་རུ་གཏང་དགོས། ནགས་རྩྭ་མེ་ཟོན་དུས་ཡུན་ནང་རིམ་པ་ཁག་གི་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་ལས་ཁུངས་དང་ནགས་རྩྭའི་མེ་ཟོན་མེ་གསོད་ལས་འགན་འཁུར་བའི་སྡེ་ཁག(ལས་ཁུངས)གིས་ཆུ་ཚོད24རིང་ལས་རེས་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་ལེན་བསྟར་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག(ལས་ཁུངས)གིས“འཁོར་སྐར་དང་གནམ་གྲུ། མི”གསུམ་ཟུང་དུ་སྦྲེལ་ནས་མེ་སྐྱོན་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང“ཆུ་ཡིས་མེ་གསོད་པའི”མ་ལག་འཛུགས་སྐྱོང་བྱས་ནས། མེ་ཟོན་མེ་གསོད་སྒྲིག་ཆས་ཆ་ཚང་དང་སྤྱོད་གོ་ཆོད་པ་ཡིན་པ་དང་། འཚུབ་བསྟུན་རོགས་སྐྱོབ་དངོས་ཟོག་འདང་ངེས་གསོག་པ། མེ་གསོད་ཆུ་ཁ་གསབ་བྱ་དགོས། མེ་གསོད་དཔུང་ཁག་སྣ་ཚོགས་ཀྱིས་དུས་རྒྱུན་དུ་དངོས་འཐབ་སྦྱོང་བརྡར་དང་གྲབས་སྦྱོང་བྱས་ནས་མེ་གསོད་གྲ་སྒྲིག་ཡག་པོ་བྱེད་པ་དང་། མེ་ཉེན་ཆེ་བའི་དུས་སུ་གཙོ་གནད་ས་ཁུལ་དུ་མེ་གསོད་སྟོབས་ཤུགས་དང་སྒྲིག་ཆས། དངོས་ཟོག་བཅས་སྔོན་ལ་གཞག་དགོས་པ་དང་། མདུན་སར་བཅའ་སྡོད་དང་སྒྲིག་ཆས་ཁྱེར་ནས་སྐོར་སྲུང་བྱ་དགོས། གལ་ཏེ་མེ་སྐྱོན་བྱུང་བ་ན། སྔོན་ཇུས་ཀྱི་གཏན་འབེབས་ལྟར་དུས་ཐོག་ཏུ་འཚུབ་བསྟུན་བརྡ་ལེན་བྱེད་འགོ་འཛུགས་པར་མ་ཟད། མེ་སྐྱོན་གྱི་ཆ་འཕྲིན་ཡར་ཞུ་བྱེད་པ་དང་། དེ་མ་ཐག་འཕྲལ་གཅོད་བྱ་ཐབས་སྤྱད་དེ་ཉེན་ཁ་ཡོད་པའི་མང་ཚོགས་ཁ་འགྲེམས་དང་གནས་སྤོ་དང་། སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་བྱ་དགོས། མེ་གསོད་ཀྱི་ཆ་རྐྱེན་འཛོམས་པ་དང་མེ་གསོད་མི་སྣར་ཉེན་ཁ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕྲལ་དུ་ཉེན་མེད་དང་ལུགས་མཐུན་གོ་ཆོད་ཀྱི་བྱ་ཐབས་སྤྱད་དེ། གོ་རིམ་ལྡན་པའི་སྒོ་ནས་མེ་གསོད་པ་དང་། གོ་སྐབས་འཕྲོག་འཛིན་སྔར་གསོད་ཆུང་གསོད་རྩ་གཅོད་བྱས་ནས་ཉེན་ཁ་མེད་ལ་དུས་ཐོག་ཏུ་མེ་སྐྱོན་ཚོད་འཛིན་བྱས་ནས་མེ་མཆེད་དུ་མི་བཅུག་པ་དང་གྱོང་གུན་ཉུང་དུ་གཏང་དགོས།

( པར་ངོས་བཞི་པར་གཟིགས།)