“ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཉེན་ཆེ་འགོག་སེལ་ནུས་ལྡན་དང་ཉེན་ཁའི་རྫས་འགྱུར་ཐོན་རྫས་ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏང་ཆེད། ཉེ་ཆར། དཀར་མཛེས་ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ལྕགས་ཟམ་རྫོང་དུ་དུས་ཡུན་ཉིན་འགའི་བཀག་སྡོམ་རྣམ་པའི་གཅིག་སྡུད་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ། ཁུལ་ཡོངས་ཀྱི་རྫོང་ཁག(གྲོང་ཁྱེར)18ནས་ཡོང་བའི་འཚུབ་བསྟུན་ལྟ་སྐུལ་དོ་དམ་མི་སྣ་དང་ཉེན་ཁའི་རྫས་འགྱུར་ཁེ་ལས་ཀྱི་འགན་འཁུར་པ་བསྡོམས་པའི་མི142ཐེངས་འདིའི་གསོ་སྦྱོང་ནང་ཞུགས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་དེ་དཀར་མཛེས་ཁུལ་ཉེན་ཁའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་དོན་དངོས་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་དང་ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་འགན་འཁུར་ཚན་པས་མཛུབ་ཁྲིད་བྱས་ནས་ཇུས་འགོད་ཞིབ་ཚགས་བྱས་པ་རེད། གསོ་སྦྱོང་ཇུས་གཞི་ཚན་མཐུན་ལུགས་མཐུན་ཡིན་པ་དང་། སློབ་ཚན་བཀོད་སྒྲིག་གནད་ལ་འཁེལ་བའི་སྒོ་ནས་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་གསོག་འཇོག། སྐྱེལ་འདྲེན། བཀོལ་སྤྱོད། ཐག་གཅོད་སོགས་འབྲེལ་ཐག་ཡོངས་ཀྱི་ཉེན་མེད་དོ་དམ་གྱི་འགག་རྩའི་ལྷུ་ཚིགས་ཡོངས་ལ་ཁྱབ་པར་བྱས། དངོས་འཐབ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་མངོན་གསལ་དོད་དུ་གཏང་ཆེད། གསོ་སྦྱོང་ཁྲོད“ཆེད་མཁས་པའི་སློབ་ཁྲིད་དང་ཡུལ་དངོས་ཞིབ་སློབ། གྱོད་དཔེ་དབྱེ་ཞིབ་བཅས་ཟུང་དུ་འབྲེལ”བའི་གསར་གཏོད་ཀྱི་རྣམ་པ་སྣ་མང་སྤྱད་ཡོད།
གསོ་སྦྱོང་གི་སློབ་ཚན་ནང་དོན་སྣ་མང་ཕུན་སུམ་ཚོགས། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཡོངས་ཀྱིས་སློབ་སྦྱོང་གི་སྤྲོ་སེམས་དང་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་མངོན་པ་དང་། སློབ་སྦྱོང་གི་རྣམ་འགྱུར་ལེགས་ཤིང་སློབ་ཚན་མཉམ་འགུལ་ཧུར་བརྩོན་ཆེ་བ། སློབ་ཚན་རྗེས་ཀྱི་སྤེལ་རེས་གཏིང་ཟབ་པ་ཡིན་པ་རེད། སློབ་མ་ཚོས་ཐེངས་འདིའི་ཚད་མཐོ་ཞིང་མ་ལག་ཅན་གྱི་སློབ་སྦྱོང་བྱས་པ་བརྒྱུད་མཐོང་རྒྱ་ཇེ་ཆེ་དང་འགག་རྩའི་བདེ་འཇགས་རྩལ་ནུས་ཁོང་དུ་ཆུད་ནས་ཉེན་མེད་ཐོན་སྐྱེད་ལས་དོན་ལེགས་པོར་སྒྲུབ་པའི་འདུ་ཤེས་ཆེ་རུ་ཕྱིན།
དེ་དང་ཆབས་ཅིག། གསོ་སྦྱོང་དེ་རྣམ་པ་ཙམ་མ་ཡིན་པར་དུས་སྔོན་གྱི་ཕན་འབྲས་ཐོབ་པར་འགན་ལེན་བྱ་ཆེད། གསོ་སྦྱོང་མཇུག་འགྲིལ་རྗེས་ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་རྒྱུགས་ལེན་དཔྱད་ཞིབ་ནན་པོ་སྒྲིག་འཛུགས་བྱས་པ་རེད། ཐེངས་འདིའི་གསོ་སྦྱོང་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤེལ་བ་དེས་དཀར་མཛེས་ཁུལ་གྱི་ཉེན་ཆེའི་རྫས་འགྱུར་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དཔུང་ཁག་དང་ཁེ་ལས་འགན་འཁུར་པའི་ཆེད་ལས་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ཁུལ་ཡོངས་ཀྱི་ཉེན་ཆེའི་རྫས་འགྱུར་ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏང་བར་མ་ཟད། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཉེན་མེད་དང་བརྟན་བརླིང་གི་ཁོར་ཡུག་བསྐྲུན་པ་རེད།།
( ཨོ་རྒྱན་གྱིས་བསྒྱུར།)
