ཉེ་ཆར། མཚོ་འཕགས་སྨི4000ལས་བརྒལ་བའི་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་རིང་པོ་གྲོང་སྡེར་འོད་ཤུགས་ལྷུ་ལག་ཁྲི217གྱིས་ཉི་འོད་གློག་ནུས་སུ་བསྒྱུར་ནས་ལེ་དབར་སྟོང་གི་ཕྱི་རོལ་གྱི་ཧྭ་དབུས་ས་ཁུལ་དུ་སྐྱེལ་འདྲེན་བྱས་པ་རེད། རྒྱལ་ཡོངས་ཀྱི“ད་ལོར་ལས་འགོ་བཙུགས་ནས་ད་ལོར་ཐོན་སྐྱེད་བྱས་པའི”སྟོང་ཝ་རིམ་པའི་ཁྲི་བརྒྱའི་མཐོ་སྒང་འོད་ཤུགས་ལས་གཞི་ཐོག་མ་སྟེ། ཧྭ་གློག་འབའ་ཐང་འོད་ཤུགས་གློག་འདོན་ལས་གཞི་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་འདོན་བྱས་པ་མཚོན། དེས་རང་རྒྱལ་གྱི་མཚོ་འཕགས་མཐོ་ལ་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་གཞི་ཁྱོན་ཆེ་བའི་ནུས་ཁུངས་གཙང་མ་གསར་སྤེལ་བྱ་རྒྱུར་ཚད་གཞི་གསར་པ་བཏིང་ཡོད་པ་རེད།
ལས་གཞི་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནང་གཙོ་གནད་དུ་བསྐྲུན་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་སྔོན་ཁྲིད་ལས་གཞི་ཞིག་ཡིན་པ་དང་། སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི120ཟིན་པ་དང་ས་བཟུང་རྒྱ་ཁྱོན་མུའུ་ཁྲི2.5ཙམ་ཡོད། ལས་གཞི་གནས་ཡུལ་གྱི་ཆ་སྙོམས་མཚོ་འཕགས་སྨི4000ལས་བརྒལ་བ་དང་། སྨུག་ཕྱིའི་འོད་ཀྱི་དྲག་ཚད་དེ་བདེ་ཐང་ས་ཁུལ་ལས་བརྒྱ་ཆ90བརྒལ་ཡོད། གསོ་རླུང་འདུས་ཚད་བདེ་ཐང་ལས་བརྒྱ་ཆ50ཡང་ཟིན་གྱི་མེད། དགུན་དུས་ཀྱི་དྲོད་གྲང་ཀླད་ཀོར་འོག་གི་ཏུའུ20ལས་དམའ་བས་འཛུགས་སྐྲུན་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བ་རེད། འདི་འདྲའི“ཚེ་སྲོག་བཀག་སྡོམ་ཁུལ”དུ་འཛུགས་སྐྲུན་བྱེད་མཁན་ཚོས་གྲང་ངར་ཆེ་བ་དང་མཚོ་འཕགས་མཐོ་བ། ཚད་གཞི་མཐོ་བའི“མཐོ་གསུམ”གྱི་འགྲན་སློང་ལ་ཐད་ཀར་གདོང་གཏད་ནས་རྒྱུན་ལྡན་ལོ་གཉིས་ཀྱི་ལས་ཡུན་དེ་ཟླ་བ་བདུན་བར་ཉུང་དུ་བཏང་བ་རེད།
ལས་གཞི་སྤྱོད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོ་རེའི་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར21ཙམ་ཐོན་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི64ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི170ཙམ་ཉུང་དུ་གཏོང་ཐུབ། ལས་གཞི་ལེ་ལག་ཏུ་བསྐྲུན་པའི་རིག་ནུས་གནོན་འཕར་ས་ཚིགས་དང་རིག་ནུས་སྐྱེལ་འདྲེན་བདག་སྐྱོང་ལས་སྟེགས་ཀྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་ཤུགས་གློག་ཁང་དང་མཐུན་སྦྱོར་བཀོད་གཏོང་བགྲོད་ལམ་བསྐྲུན་ནས“ཆུ་འོད་ཕན་ཚུན་གསབ་སྒྲིག”གི་རིག་ནུས་སྙོམས་སྒྲིག་བྱེད་སྟངས་ཆགས་པ་དང་འོད་ཤུགས་གློག་འདོན་གྱི་འཕར་ཆག་རང་བཞིན་ནུས་ལྡན་ངང་ཞི་འཇགས་སུ་བཏང་བ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་བསྡུ་ལེན་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་པར“དཀར་མཛེས་ཇུས་གཞི”མཁོ་འདོན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཛུགས་སྐྲུན་བྱེད་རིང་ས་གནས་དེ་གར་རིམ་རྩིས་བྱས་ནས་ལས་ཞུགས་ལས་གནས2000ལྷག་ཙམ་མཁོ་འདོན་བྱས་པ་དང་བེད་སྤྱོད་བྱས་རྗེས་ཡུལ་སྡེ་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན་པ་རེད།།
( རྟ་མགྲིན་རྡོ་རྗེས་བསྒྱུར།)
