国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བསུ་སྐྱེལ།

ལག་ཟུང་གཡུགས་གཡུགས་མ་བྱས་ཀྱང་སེམས་པས་སྐྱེལ་མ་ཞུ་དགོས་བྱུང་བ་དེ་དག་ངང་སྒུག་གིས་ཟད་པའི་རྨི་ལམ་རེ་རེ་ཡིན་ཨང་།

དུས་ཚོད་རྒྱུག་བཞིན་འདུག། གཏན་དུ་ཕྱིར་འོང་མེད་པར་འགྲོ་བཞིན་འདུག་པས་ང་རང་གཅིག་པུ་ཟུར་དུ་བུད་དེ། ཆད་ལྷག་ཅི་ཡང་མེད་པར་ལྷོད་ལྷོད་ངང་དུ་བསུ་སྐྱེལ་བྱ་ཐབས་ག་ལ་ཡོད། དེ་བས་སྟ་གོན་ཅི་ཡང་མེད་པར་བསུ་མ་བྱ་དགོས་ལ་སྐྱེལ་མའང་འབྱུང་བཞིན་ཡོད་པས་དེ་ནི་ང་ལ་རང་དབང་ཡོད་པ་ཞིག་མ་རེད། དེ་ནི་སུ་ལའང་རང་དབང་ཡོད་པ་ཞིག་མ་རེད། དེ་ནི་དུས་ཚོད་གཅིག་པུས་རང་གི་བར་སྟོང་སྤྱད་དེ་འདུ་འབྲལ་གྱི་ཟློས་གར་མཇུག་མེད་ཅིག་བསྟན་པ་ཙམ་རེད།

སེམས་ཀྱིས་ཟིན་ཀྱང་ལག་པས་མི་ཟིན་པ་དེ་དག། ལག་པས་ཟིན་ཀྱང་སེམས་པས་བོར་འགྲོ་བ་དེ་དག། མི་ཚེས་ང་ལ་མནར་གཅོད་སྐྲུན་སྟངས་གཞན་ཞིག་ཡིན་འདུག་པས་ཧ་ཅང་སུན་སྐྱོ་མོད་དུས། ཅི་ཡང་བསུ་མ་བྱེད་མི་འདོད་ལ་གང་ལའང་སྐྱེལ་མ་ཞུ་བའི་ཡི་ག་མི་འདུག། ཡིན་ཡང་ངས་དེ་ལྟར་རང་གི་ལང་ཚོ་དང་བདེ་སྐྱིད་ལ་སྨྲ་བ་མེད་པར་སྐྱེལ་མ་བྱས་ཟིན་འདུག། འདས་ཟིན་པའི་དྲན་པ་དང་རྙིང་ཟིན་པའི་བརྩེ་དུང་ལའང་ཨུ་ཚུགས་ཀྱིས་སྐྱེལ་མ་ཞུ་བཞིན་འདུག། དུས་ཚོད་འདིར་ཐོན་དུས་ངས་རྒྱུས་མེད་པའི་མ་འོངས་པ་བསུ་བའི་སྟ་གོན་བྱེད་བཞིན་འདུག་པས་འདི་ནི་མི་ཚེ་ལ་རྒོལ་བ་སྤྲོད་སྟངས་གཞན་ཞིག་ཡིན་པ་འདྲ། གང་ལྟར་རང་གི་འདོད་པ་ལྟར་དུ་འཚོ་ཐུབ་པ་ཞིག་ཡེ་ནས་མ་རེད། མི་ཚེ་ནི་སྐུད་པ་ཆད་པའི་ཤོག་བྱ་བཞིན་གང་བྱུང་དུ་སྤུར་ཆོག་པ་ཞིག་ཀྱང་མ་རེད། ད་ནི་ལོ་ཟླའི་མིག་ཆུ་ཕྱིས་ཏེ་མདུན་ཕྱོགས་སུ་བལྟས་ཀྱང་ཁྱོད་རང་ཕྱིར་རྙེད་ཐབས་མེད་པ་བཞིན་གྱེས་བྲལ་བྱུང་བ་ཡོད་ཚད་ཁ་དོག་གཞན་དུ་གྱུར་སོང་། ཐ་ན་རང་ཉིད་ཀྱང་གཞན་དུ་གྱུར་སོང་བས་ཕྱིར་རྙེད་མི་སྲིད་པའི་བདེ་སྡུག་གི་ཚོར་ཤེས་དེ་དག། དྲན་པར་བརྐོས་ཀྱང་ཡལ་ཟིན་པའི་རིས་གཟུགས་དེ་དག་གྲོས་མོལ་ཙམ་ཡང་མ་བྱུང་བ་ང་དང་གྱེས་བྲལ་བྱུང་སོང་། མི་རྟག་ཆོས་ཉིད་ལས་དབང་ཆེ་བ་མེད་ཀྱང་། གལ་ཏེ་དཔེ་སྲིད་ན་དེ་དག་རེ་རེ་བཞིན་བརྩེ་བ་རྣམ་དག་གིས་སྐྱེལ་མ་ཞུ་འདོད། གལ་ཏེ་དཔེ་སྲིད་ན་དེ་དག་རེ་རེ་བཞིན་མཐའ་མཇུག་གི་ཞལ་མཇལ་ཞུ་འདོད། ཡིན་ཡང་དུས་ཚོད་ཅེས་པའི་བྱེད་པོ་ཡ་མེད་དེས་བརྩེ་དུང་དང་ཚེ་སྲོག་ལ་དབང་བསྒྱུར་བྱས་སོང་། རང་དབང་དང་འདོད་མོས་ལ་ཚད་བཀག་བྱས་སོང་།

འཚོ་བས་བརྡབ་གསིག་ཡང་ཡང་དུ་བཏང་རྗེས། སེམས་པ་རྨས་མ་ཇི་བཞིན་འཁོས་ཆུང་དང་སྨྲེ་ངག་འདོན་མཁན་ཞིག་ཏུ་གྱུར། གོད་ཆག་དེའི་དབང་གིས་ཡིན་མིན་ཅི་ཆ་སྟེ། ད་ལྟ་ང་ནི་མི་དང་བྱ་དངོས་གང་ཡིན་ཡང་བསུ་མ་ལས་སྐྱེལ་མ་བྱེད་པར་དོ་སྣང་སྤྲོད་མཁན་ཞིག་ཡིན་འདུག་ཨང་། བསུ་མ་ནི་ཚུར་ཡོང་བའི་དོན་དང་སྐྱེལ་མས་ཕར་འགྲོ་གནས་ཚུལ་ཞིག་འགྲེལ་བཞིན་ཡོད་པས་ང་ནི་ཚུར་ཡོང་བ་དག་བསུ་མར་བྱེད་པར་སྐྲག་སྣང་སྐྱེ་བ་དང་། འཚོ་བའི་ནང་རོལ་དུ་འཛུལ་ཞུགས་བྱས་ཡོད་པ་དག་ཕྱིར་འགྲོ་བར་ཕངས་སེམས་སྐྱེས་ཏེ་བློས་གཏོང་བཞིན་མེད་པ་འདྲ། དེ་ལྟ་ནའང་དུས་ཚོད་ཅེས་པའི་གསར་བརྗེ་མཁན་འདིས་ང་ལ་ཤུལ་དུ་བསྐྱུར་ཡོད་པ་ནི་སུན་སྐྱོ་དང་དྲན་སྣང་ཁོ་ན་ཡིན་ཨང་། སྡུག་བསྔལ་དང་ཡི་ཆད་གཅིག་པུ་ཡིན་ཨང་། འབྱུང་འགྱུར་བསམ་ན་ངས་ཅི་ཞིག་བསུ་མ་བྱ་དགོས་པ་དང་གང་ཞིག་སྐྱེལ་མ་བྱ་དགོས་སམ། འཆི་བ་དང་གོད་ཆག་བསུས་རྗེས་འདས་སོང་གི་ཡོད་ཚད་ལ་སྐྱེལ་མ་ཞུ་དགོས་སམ། ཡང་ཡང་བསམ་པའི་སྐུད་སྣེར་བརྒྱུས་པའི་སེམས་ཀྱི་གཅེས་ནོར་དག་ཆག་གྲུག་བྱུང་རྗེས། ད་ནི་ལུས་རྟེན་གཅིག་གི་བདེ་སྐྱིད་ལ་རྫོགས་ཚིག་བཀོད་སོང་ཟེར་དགོས་སམ། སུ་དང་གང་ཡང་མི་དྲན་པའི་ཟོལ་གྱིས། ནང་སེམས་ཀྱི་ཁེར་རྐྱང་བསྲུངས་ཏེ་འུར་ཟིང་ལས་ཕྱིར་བུད། སྤྱི་ཚོགས་ལས་ཕྱིར་བུད། བརྩེ་བ་དང་སྡང་ཟུག་མེད་པར་བསུ་མ་དང་སྐྱེལ་མ་མེད་པའི་མི་ཚེ་ཞིག་བསྐྱལ་སྲིད་དམ། དེ་ལྟར་ཐུབ་བམ། ཡང་ན་ནང་སེམས་སྟོང་པའི་ཁུར་པོ་མ་ཐེག་པར་ཚེ་སྲོག་གི་དུར་ས་འཚོལ་བའི་སྟ་གོན་བྱེད་སྲིད་དམ། ངས་ནི་རང་ཉིད་ཚོར་བའི་རྗེས་སུ་འབྲངས་པ་ཐལ་དྲགས་ཏེ་ནམ་ཞིག། ཚེ་སྲོག་གི་ཐོག་ཏུ་ལག་འཇོག་མིན་ཀྱང་མི་ཤེས་པ་འདུག་པས་ཡ་ང་བ་ལ།

ད་ལྟ་ངས་བརྩེ་དུང་ལྡན་པའི་འཚོ་བ་ཞིག་རོལ་མི་ཐུབ་ལ་བརྩེ་དུང་མེད་པའི་འཚོ་བ་ཞིག་རོལ་མི་འདོད། ཕྱི་ཚུལ་དང་ནང་སེམས་ལ་བར་ཐག་ཤོར་ཏེ་ཆོ་མེད་པའི་ཉི་མ་རེ་རེ་བཞིན་འདི་ལྟར་འཆོར་འགྲོ་བར་སེམས་ཚེགས་སྐྱེས་ཡོང་། དགོད་སྒྲ་དང་བརྩེ་བ་མེད་པར་ཉིན་རྒྱུན་ངོ་གནག་སྟེ་ལུས་པས་ངའི་འཇིག་རྟེན་གྱི་ཉི་མར་འོད་སྣང་དང་དྲོད་ཁོལ་མེད་སྣང་སྐྱེས། ལོ་ཟླ་དེ་དག་དང་དེའི་ནང་གི་འཚོ་བ་དེ་དག་རང་དང་འབྲེལ་བ་ཅི་ཡང་མེད་སྣང་སྐྱེས། མིག་རྡེབ་ཅིག་གི་ཡུན་ཙམ་ལ་ཤོར་སོང་བའི་དུས་ཚོད་དེ་དག་དོན་ངོ་མར་མི་ཚེ་དང་ལང་ཚོ་ཞེས་བོས་ན་འོས་སམ།

ད་ནི་ཇི་ལྟར་ཡིན་ཡང་སྨྲ་བ་མེད་པའི་སྐྱེལ་མ་འདིས་འདས་སོང་གི་རང་ལ་བདེ་མོ་འཇོག། སྙིང་ཉེ་བའི་དྲན་པ་རེ་རེ་ནས་བདེ་མོ་འཇོག། མི་ཚེ་ཞེས་པའི་གསར་བརྗེ་འདིའི་ཁྲོད་ནས་ངས་ཅི་ཞིག་བསུ་དགོས་པ་མི་ཤེས་ནའང་གཞན་གྱི་མི་ཚེར་ནག་ཐིག་ཕབས་པའི་གཏམ་བརྒྱུད་ནི་ཡེ་ནས་བསུ་མི་དགོས་པ་སྨོན།།

༼ ཞོགས་རྫ་རྔ།༽