国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆུང་གྲོགས་དག་ དྲན་པ།

བརྒྱད་གཉིས་ལོ་ཟླའི་ཕྲེང་བར་ཕྱིར་མིག་འཕངས་ཚེ། །

གུ་དོག་འདམ་གྱིས་མ་གོས་ཡིད་ཀྱི་པད་མར། །

མཛའ་བརྩེའི་དུང་ཕྲེང་འཛུམ་པའི་ཆུང་པོའི་གྲོགས་དག །

དྲན་པའི་མེ་ལོང་ངོས་སུ་འཛུམ་དཀར་མངོན་བྱུང་། །

ཕར་ཕར་སོང་བའི་ལོ་ཟླར་ཕྱིར་དྲན་བྱེད་དུས། །

ངུ་དགོད་སྤེལ་མའི་ཚོར་བའི་འདྲེས་མཐུན་གྲོགས་ལོ། །

ཕུགས་ཀྱི་འདུན་མའི་གཏད་སོ་ཁ་ཁ་ཡིན་པས། །

ལང་ཚོ་བརྟས་པའི་དུས་ནས་རིང་དུ་གྱེས་ཟིན། །

ཐོབ་ཤོར་རིས་སུ་འཁོར་བའི་འཇིག་རྟེན་གྲུ་གར། །

གོམ་པའི་སྟངས་སྟབས་རེ་རེ་དལ་གྱིས་སྤོས་ཤུལ། །

རྙོག་འཛིང་ཁྲེས་པོ་ལྕི་མོ་ཕྲག་ཏུ་ལྷུང་དུས། །

ཤུགས་འབྱུང་ཚོར་གླུ་འགྱུར་ཁུག་རྒྱང་དུ་འཐེན་ཡོད། །

ལུ་གུ་རྒྱུད་མིག་ལྟར་གྱི་འཚོ་བའི་ལམ་འཕྲང་། །

ལོ་ཟླའི་རྟ་མཆོག་བཞོན་ནས་ལམ་ལ་ཆས་སྐབས། །

ཞེན་ཆགས་ཕྱིར་མིག་ཀློང་གི་འདང་བརྩེ་ཆུང་གྲོགས། །

ཕྱིར་དྲན་བྱ་ཁྱུ་འཕུར་སའི་ཚང་མལ་ཡིན་འདུག །

ལང་ཚོ་རིམ་གྱིས་སྨིན་ཞིང་རིམ་བཞིན་རྙིང་བར། །

དར་རྒུད་མི་ཚེའི་ཐ་སྙད་ཁ་ཡིག་བྲིས་ཏེ། །

ས་མཐའི་སྡེ་གྲོང་དཀྱིལ་དུ་མི་ལྡོམ་འགྱུར་དུས། །

སྐྱོ་གདུང་ཚོར་བའི་སྨུག་སྤྲིན་སེམས་མགོར་འཐིབས་སོང་། །

མི་སེམས་ཚོན་གྱིས་བསླད་པའི་ཤེལ་དཀར་བུམ་ཆུང་། །

འཚོ་བའི་དགའ་སྤྲོའི་ཆབ་ཀྱིས་གཙང་མར་བཀྲུས་ནས། །

རེ་འབྲས་ཆུ་སྐྱེས་བུ་མོའི་ལང་ཚོ་རྒྱས་པའི། །

སྙན་འཕྲིན་གཏམ་གྱི་འོ་མ་སྤྲིན་དཀར་བསྐུར་ཡོད། །

འདྲིས་ཤིང་འགྲོགས་པ་ཀུན་ནི་དྲན་པའི་གཞི་མ། །

དྲན་གདུང་དབྱངས་རྟ་སྙོམས་པོར་ཚོར་མགུར་དྲངས་ཏེ། །

ཉི་གཞོན་འཆར་ནུབ་རེས་འཁོར་དུས་ཚིགས་རེ་ལ། །

སྤྲིན་གྱི་ཕོ་ཉ་གཞོན་ནུར་འཕྲིན་པ་གཏང་ཡོང་། །

༼ དབྱངས་ལྡེའུ།༽