国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་དཔོན་ དབྱུག་པ་ཅན།

ངག་རིག་སྒྲ་བརྒྱའི་དབང་ཕྱུག་གི། །

ཞལ་གསུང་སྙིང་གི་ཐིག་ལེ་ཆེ། །

སྒྱུ་འཕྲུལ་དབྱངས་ཀྱི་མངའ་བདག་ཉིད། །

དཎྜིའི་གསུང་ལ་གུས་བསྟོད་དོ། །

བསིལ་ཟེར་ཟླ་བའི་གཟི་མདངས་ལ། །

རྒྱས་པའི་ལྷ་དཀར་མེ་ཏོག་གི། །

གསུང་གི་དངོས་གྲུབ་ཐོབ་པ་ཡི། །

སྙན་ངག་མཁན་ལ་ཅི་ཡང་གཏམ། །

ཚོགས་དྲུག་སྣང་བའི་ཡུལ་མཐའ་ན། །

འཇའ་ཚོན་གུར་ཁང་ཕིབས་པའི་ཀློང་། །

ངག་དབང་དབྱངས་ཅན་ལྷ་མོ་ཡིས། །

བསྲུངས་བའི་མི་ལ་ཡིད་སྨོན་འཆོར། །

བས་མཐའི་རི་སུལ་གང་ཞིག་ཏུ། །

ངེས་འབྱུང་ལོ་མས་མ་སྒུལ་བར། །

ཏིང་འཛིན་ངང་དུ་གཞོལ་བྱས་པས། །

ངག་གི་མེ་ཏོག་འཐོར་རམ་ཅི། །

མཐིང་སྨུག་ནམ་མཁའི་ཡིད་གཞུང་ན། །

གཡས་གཡོན་ཉི་ཟླ་འཚེར་བ་ཡི། །

རྔམ་བརྗིད་རི་བོའི་དབུ་རྩེ་ནས། །

རེ་བའི་རླུང་རྟ་རྒྱང་ལ་བསྐུར། །

གོས་དཀར་བཟང་པོའི་ཆ་སྤྲས་ཏེ། །

ཕྱག་ལ་དབྱུག་པ་ཐོགས་བཅས་ཏེ། །

མཚོ་བྱུང་ཚངས་པའི་ཞབས་དྲུང་དུ། །

དགྱེས་པའི་གླུ་ཡི་མཆོད་པ་བཤམས། །

འདི་ན་ཡིད་ཀྱི་རྩེ་དགའ་བཅས། །

རིན་ཆེན་རྒྱུད་མངས་འཚོལ་མཁན་གྱི། །

གཞོན་སྐྱེས་གང་དང་གང་དག་གིས། །

ཁྱེད་ཀྱི་འཇིག་རྟེན་བཞིན་དུ་འཚོལ། །

ན་ཆུང་དྲི་ཟའི་འགྱུར་ཁུགས་དབུས། །

ཚངས་དབྱངས་མེ་ཏོག་གྲོལ་དང་ལྷན་། །

ཡིད་ཀྱི་དང་བ་ཆེར་དྲགས་པའི། །

རབ་མཛེས་གོས་དཀར་ཅན་ལ་འདུད། །

༼ ཁམས་ཟླ་སྲས།༽