国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགུན་ཟླ་རིང་མོའི་ནང་གི་གྲང་ངར།

གློ་བུར་དུ་སེམས་པ་འདི་ནམ་མཁའ་ནས་སྤྲིན་ནག་འཁྲིགས་པ་བཞིན་མག་མོག་ཏུ་གྱུར་སོང་། འཇིག་རྟེན་གྱི་མཛེས་སྡུག་གང་ལ་ཡང་འཁྲེང་ཞེན་མེད་པར་ཡོད་ཚད་སྐྱོ་གདུང་གི་སྨུག་སྤྲིན་ཞིག་གིས་རྗེས་སུ་དེད་སོང་། ནམ་རྒྱུན་ནང་སེམས་ལ་ཟླ་བ་ལྟར་འཆར་བའི་སྙིང་ཉེ་དེ་ཡང་ད་ལྟ་རབ་རིབ་ཙམ་ལས་ཅི་ཡང་འཆར་རྒྱུ་མི་འདུག། སྙིང་ཉེ་ལགས་ཀྱིས་གྱེས་བརྡ་གང་ཞིག་བཏང་ནས་ང་དང་སོ་སོར་བྲལ་སོང་བ་མ་ཡིན་ཡང་། སེམས་པ་འདི་རྒྱུ་མཚན་མེད་པར་སྐྱོ་ལྷང་ལྷང་གི་སྨུག་སྤྲིན་ཞིག་གི་གསེབ་ནས་ཐར་ཐབས་མི་འདུག་པའི་གླགས་དེར། སྙིང་ཉེ་ལགས་དྲན་པའི་འདུན་པ་དེ་ཡང་ཆར་རྗེས་ཀྱི་འཇའ་ཚོན་ཇི་བཞིན་ཡོངས་སུ་ཡལ་སོང་། ད་ལྟ་སྙིང་ཉེ་ལགས་ལ་བདེ་མོ་ཡིན་མིན་གྱི་བཀའ་འདྲི་ཞིག་ཀྱང་མ་ཞུས། ང་ཁུ་སིམ་གྱི་བརྟུལ་ཞུགས་ཤིག་ལ་གོམས་ཅི་ཐུབ་བྱེད་ཀྱིན་ཡོད།

རེ་དོགས་ཀྱི་སྨུག་པ་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་ཨང་། དེས་ངའི་ནང་སེམས་ཀྱི་མཛེས་སྡུག་མཐའ་དག་མངོན་སུམ་འཛེམ་མེད་ཀྱི་ཆོམ་རྐུན་ཞིག་གི་ཚུལ་དུ་རིག་རིག་ཐོས་ཐོས་ཁར་རྩད་ནས་འཕྲོག་བཅོམ་བྱས་སོང་། ད་ལྟ་ངའི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་པོར་སྨུག་པས་ཡོངས་སུ་གཙེས་ནས་འདུག། ནང་སེམས་རྒྱ་ཡན་དུ་གཏོང་བའི་ས་མིག་ཅིག་ཀྱང་མེད་པར་ཡོད་ཚད་རེ་དོགས་ཀྱིས་བཟུང་ནས་འདུག།

ཕ་ཡུལ་ནི་ཤིན་ཏུ་ཁ་ཐག་རིང་པོར་ཡོད་པ་ནི་ང་ལ་མཚོན་ན་སེམས་གཅོང་བྱ་དགོས་ས་ཞིག་གཏན་ནས་མ་རེད། ང་གནས་འདི་ཡི་རི་ཆུ་ནགས་གསུམ་དང་ཡོངས་སུ་འདྲིས་ནས་ཡོད། ཕ་ཡུལ་གྱི་ཆ་ལུགས་དང་། སྐད་རིགས་མི་འདྲ་བའི་བུ་མོ་ཞིག་ལའང་ཆང་ས་བརྒྱབ་ཟིན། ངེད་གཉིས་ལོ་དུ་མར་ཡོངས་སུ་འདྲིས་ན་ཡང་། ངས་མོའི་སྐྱོན་ཆ་ཞིག་ཅི་ལྟར་བཙལ་ཡང་རྙེད་ཐབས་བྲལ་བས་མ་ཚད། མོས་ང་རང་ལ་ཤིན་ཏུ་གཅེས་པ་དེ་ནི་དཔེ་མཚོན་གང་གིས་ཀྱང་ཆ་འཇོག་མི་ཐུབ་པ་ཞིག་གོ། །

འོན་ཏང་། རྒྱུ་མཚན་ཡོད་པ་འདྲ་ལ་རྒྱུ་མཚན་གང་ཡང་མེད་པའི་སྨུག་སྤྲིན་རབ་རིབ་དེ་ཡིས། ངའི་ནང་སེམས་ཀྱི་མཛེས་སྡུག་མཐའ་དག་འཕྲོག་སོང་། མི་ཚེ་ཐུང་ཐུང་འདིའི་ནང་དུ་ང་ལ་དབང་བའི་འཚོ་བ་དེ་ཡང་བརླག་འདོད་ཀྱི་ལག་པ་ཡོམ་ཡོམ་འདར། ང་རེ་དོགས་ཀྱི་སྨུག་པས་དེད་པའི་མི་ཞིག་ཏུ་གྱུར་སོང་བ་ཡིན་ནམ། སྙིང་ཉེ་བའི་སེམས་པ་ལགས། འུ་གཉིས་ཀྱི་སེམས་གཅོང་ནི་དགུན་ཟླ་རིང་མོའི་ནང་གི་གྲང་ངར་ཞིག་དང་ཤིན་ཏུ་མཚུངས་ཨང་། ལུས་སེམས་ལ་བཟོད་མི་ཐུབ་པའི་འཁྱག་སྣང་སྟེར།།

༼ ཚོར་སྦྲང་།༽