国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་འཕོ་འགྱུར་དངོས་དང་མཉམ་དུ་ འགྲོགས་པའི་བདེན་དཔང་པ།

2275_ym01b_20260116ན་གཞོན་ལོ་ཆུང་ཚོར་ལོ་རྒྱུས་ཁྲིད་བཞིན་པ།

2276_ym01b_20260116ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་བཞིན་པ།

ད་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ76འཁོར་བ་རེད། ལོ88ལ་སླེབས་པའི་མི་རྒན་ངས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་དཀར་མཛེས་ཁུལ་ནི་དབུལ་ཕོངས་རྗེས་ལུས་ཀྱི་གནས་ཚུལ་དངོས་སུ་མཐོང་མྱོང་བ་དང་། ཞི་བདེའི་བཅིངས་འགྲོལ་དང་དམངས་གཙོ་བསྒྱུར་བཅོས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བཅས་བྱས་ཚུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་བདེན་དཔང་བྱས་ཐུབ་པར་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པ་གཙོ་གནད་དུ་བཟུང་སྟེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་ལྡན་པའི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་རྣམ་པ་གསར་པ་མངོན་ཡོད། དཀར་མཛེས་ཁུལ་གྱི་གསར་བརྗེ་དང་མཉམ་དུ་འགྲོགས་པའི་ལོ་ངོ73ལ་ཕྱིར་དྲན་བྱེད་ཚེ། ངའི་ལང་ཚོ་དང་རྔུལ་ཁྲག། ཚེ་སྲོག་ནི་སྔ་ནས་མ་ཡུམ་ལྟ་བུའི་དཀར་མཛེས་ཁུལ་གྱི་ས་གཞི་དྲོད་མོའི་པང་ཐོག་ཏུ་འཐིམས་ནས་བརྩེ་དུང་ཟབ་མོས་ཀུན་ནས་ཁེངས།

དཀའ་ཚེགས་ཆེ་བའི་སྤྱི་ཚོགས་རྙིང་པའི་ལོ་རྒྱུས།

1938ལོར། ང་དར་མདོ་རྫོང་སྐྱིད་ཐང་ས་ཁུལ་གྱི་ལུང་གྲོང་ཆུང་ཆུང་ཞིག་ཏུ་སྐྱེས། དེའི་དུས། མི་སེར་ཚོའི་འཚོ་བ་ནི་ཧ་ཅང་སྡུག་མོ་ཡིན་པས། རང་ལ་དབང་བའི་ཁང་པ་དང་ས་ཞིང་མེད་པར་མ་ཟད། བོགས་མ་སྤྲད་པའི་གྱང་ཁང་ཐབས་ཆག་ཡིན་པ་དང་། ཅུང་ཙམ་ཡོད་པའི་ས་ཞིང་ནི་ས་བདག་ལ་བོགས་མ་སྤྲད་ནས་རྨོ་དགོས་རུང་། ལོ་གཅིག་ལ་དཀའ་ལས་འབད་བརྩོན་བརྒྱབ་ནས་ཐོབ་པའི་འབྲུ་རིགས་ས་བདག་ལ་བོགས་མར་སྤྲད་ཚར་རྗེས་རང་ལ་ཐོབ་པའི་འབྲུ་རིགས་ཉུང་ངུ་ཙམ་མ་གཏོགས་ལྷག་རྒྱུ་མེད། ཁྱིམ་ནང་བཟའ་མི་ལྔ་པོ་ནམ་ཡིན་ཡང་ཕོ་བ་མི་རྒྱགས་པ་དང་གོས་དྲོན་པོ་གྱོན་རྒྱུ་མེད་པས་སྤྲང་པོ་ལྟ་བུའི་འཚོ་བ་རོལ་དགོས་བྱུང་། ང་ལོ་དགུ་ལ་སླེབས་སྐབས། ངའི་ཨ་ཕར་ནད་ཞིག་ཕོག་ནས་སྨན་བསྟེན་པའི་སྒོར་མོ་མེད་པས་ཚེ་ལས་འདས། ལུས་ཕུང་ཉམས་ཞན་ཅན་གྱི་ཨ་མས་ང་ཚོ་མིང་སྲིང་ཚོ་དཀའ་ངལ་ཆེན་པོས་གསོ་དགོས་བྱུང་། དེ་དུས་ཁྱིམ་ནང་ཉལ་གོས་ཡག་པོ་མེད་པས་མཚན་མོར་ཚང་མས་མེ་རྫིང་བསྐོར་ནས་མེ་ལྡེ་སྟེ་ལུས་པོར་དྲོད་ལེན་བཞིན་ཡོད།ང་ལོ་བཅུ་ལ་སོན་པ་ནས་བཟུང་། ཨ་མ་ལ་རོགས་བྱས་ནས་ཞིང་ནང་ལས་ཀ་ལས་པ་དང་། རི་ལ་སོང་ནས་སྨན་རྩྭ་བརྐོས་པ། ད་དུང་ཕྱུག་པོའི་དུད་ཚང་ལ་ནོར་ལུག་འཚོ་རོགས་བྱས་ཀྱང་གླ་ཕོགས་མེད་པར་མ་ཟད། ཟ་མ་ཡང་རྒྱགས་ཚད་མི་རག། གལ་སྲིད་ནོར་ལུག་བོར་ཚེ། བདག་པོས་བཅའ་རྡུང་དྲག་པོ་བྱས། ཁྱིམ་ནང་དབུལ་ཕོངས་ཡིན་པའི་རྐྱེན་གྱིས་སློབ་གཉེར་བྱེད་པའི་གོ་སྐབས་དེ་བས་ག་ལ་ཡོད། སྤྱི་ཚོགས་རྙིང་པ་སྐབས་ཀྱི་དཀའ་སྡུག་དེ་དག་ནི་ནམ་ཡང་བརྗེད་དུ་མེད་པ་ཞིག་རེད།

གུང་ཁྲན་ཏང་གིས་འཚོ་བ་གསར་པ་དང་རེ་བ་གསར་པ་བྱིན།

1950ལོའི་ཟླ་བ3པའི་ཚེས24ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དར་མདོ་ཞི་བདེའི་བཅིངས་འགྲོལ་བཏང་རྗེས། མུན་ནག་གི་ལོ་ཟླ་མཇུག་བསྒྲིལ་ནས་བདེ་སྐྱིད་འཚོ་བའི་ཉི་མ་འཆར་འགོ་བཙུགས། 1952ལོར། གུང་ཁྲན་ཏང་གིས་ས་ཞིང་བསྒྱུར་བཅོས་ལས་དོན་རུ་ཁག་ངའི་ཕ་ཡུལ་དུ་མངགས་ཏེ། ས་ཞིང་བསྒྱུར་བཅོས་དང་། བོགས་དངུལ་ཇེ་ཉུང་བཏང་བ་དང་རྒྱུ་ནོར་ཕྱིར་སྤྲད་པ། ཇག་འཇོམས་བཙན་འདུལ་གྱི་ལས་འགུལ་སྤེལ་བ་རེད།

1953ལོའི་ཟླ་བ2པར། ལོ14ལ་སོན་པའི་ང་རང་གཟི་བརྗིད་ངང་དམག་ལ་ཞུགས་ཐུབ་སོང་། དར་མདོ་ནས་ཉིན་ལྔའི་རིང་ལ་ལུང་མང་པོ་བརྒལ་ནས་བོད་མི་མདའ་ཤོག་བཅའ་སྡོད་བྱ་ཡུལ་གྱི་རྟའུ་རྫོང་དུ་སླེབས་ཤིང་། བོད་མི་མདའ་ཤོག་ནི་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་དམག་ཁུལ་གྱི་མཛུབ་སྟོན་ལྟར་བཙུགས་ཏེ། “འཐབ་འཛིང་རུ་ཁག་དང་། ཐོན་སྐྱེད་རུ་ཁག། ལས་བྱེད་པ་གསོ་སྐྱོང་སློབ་གྲྭ”བཅས་ཀྱི་ལས་འགན་ཆེན་པོ་གསུམ་ཕྲག་ཏུ་ཁུར་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་བྱས་རྗེས་བླ་ན་མེད་པ་བཞག་ཡོད། རང་མཚོན་ན་དམག་དཔུང་དེའི་དམག་མི་ཞིག་ཏུ་གྱུར་པས་སྤོབས་པ་ཆེན་པོ་སྐྱེས་བྱུང་།

མི་རིགས་མཐུན་སྒྲིལ་ཉ་ཆུ་ལྟ་བུར་ཁྱིམ་ཚང་གཅིག་དང་མཚུངས་ཤིང་། ང་ཚོའི་དམག་དཔུང་ནི་མི་རིགས་སོ་སོ་ནས་ཡོང་བའི་དམག་མིའི་དཔུང་སྡེ་ཞིག་ཡིན་པས། དམག་དཔུང་གིས་ང་ཚོར་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཏེ། རྒྱུན་པར་རྒྱ་རིགས་དམག་མི་ཚོས་ང་ཚོར་རྒྱ་ཡིག་དང་རིག་གནས་སློབ་ཁྲིད་བྱས་པ་དང་། དེ་བཞིན་བོད་རིགས་དམག་མི་ཚོས་ཀྱང་མི་རིགས་གཞན་དག་གི་དམག་མི་རྣམས་ལ་བོད་སྐད་བསླབས་པས། ཕན་ཚུན་སེམས་ཁུར་དང་རོགས་རམ་བྱས་ཏེ་འཐབ་འཛིང་དང་ཐོན་སྐྱེད། འཚོ་བའི་ཁྲོད་མཛའ་གྲོགས་ཟབ་མོར་ཆགས་ཡོད།

1954ལོར། ང་རང་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པར་ཞུགས་ཐུབ་པས་བསམ་བློ་དང་ནུས་པའི་ཐད་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་ཡོད།

དམངས་གཙོ་བསྒྱུར་བཅོས་དང་ངོ་ལོག་ཟིང་འཁྲུག་སེལ་བའི་འཐབ་རྩོད་ཀྱི་ལོ་རྒྱུས།

1955ལོར། དཀར་མཛེས་ཁུལ་གྱིས་དམངས་གཙོ་བསྒྱུར་བཅོས་ལག་ལེན་བསྟར་ཏེ“ངོ་རྒོལ་བཞིའི”ལས་འགུལ་སྤེལ། ང་ཚོའི་དམག་དཔུང་གི་ལས་བྱེད་པ་དང་དམག་མི500ལྷག་བདམས་ནས་དེའི་ནང་ཞུགས་པ་རེད། དམངས་གཙོ་བསྒྱུར་བཅོས་ཀྱིས་ཏང་གི་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ་དང་ས་གནས་དེ་གའི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་མི་རིགས་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་པས། བཅོས་བསྒྱུར་ལེགས་འགྲུབ་ཡོང་བར་འགན་སྲུང་བརྟན་པོ་བྱས། ཁུལ་དང་རྫོང་། ཆུས། ཡུལ་ཤོག་བཅས་རིམ་པ་བཞིའི་མི་དམངས་སྲིད་དབང་དེ་དང་བསྟུན་ནས་བཙུགས་པ་རེད། དེ་ནས་བཟུང། རུལ་སུངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ཏེ་དཀར་མཛེས་ཁུལ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ་གོམ་པ་སྤོས་ཐེངས་གཅིག་གིས་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

འཐབ་འཛིང་དེ་འདྲ་མང་པོའི་ཁྲོད། ང་རང་ལ་མཚོན་ན1956ལོའི་ཟླ་བ3པའི་བྲག་མགོ་སེང་གེ་དགོན་གྱི་འཐབ་རྩོད་དེ་ཆེས་བརྗེད་པར་དཀའ་ཞིང་། འཐབ་འཛིང་ནང་ཞུགས་ཐེངས་དང་པོ་ཡིན། སྐབས་དེར་གོ་མིན་ཏང་གི་མདའ་དཔོན་ཀྲང་ཆེ་གེ་མོ་གཙོས་པའི་ངོ་ལོག་པ་ཆིག་སྟོང་ལྷག་གིས་སེང་གེ་དགོན་ནས་ངོ་ལོག་ཟིང་འཁྲུག་བསླངས་པས། མདའ་ཤོག་བཀོད་འདོམས་པུའུ་ཡིས་བརྒྱ་ཤོག་གསུམ་པ་དང་བརྒྱ་ཤོག་དྲུག་པ་རྟའུ་ནས་རོགས་སྐྱོར་འགྲོ་དགོས་པའི་བཀའ་རྒྱ་ཐོན་རྗེས། ང་ཚོས་རི་ཆུ་མང་པོ་བརྒལ་ནས་བསྟུད་མར་ཉིན་གཅིག་དང་ཞག་གཉིས་བསྐྱོད་རྗེས་གནས་དེ་རུ་སླེབས་ཤིང་དེ་མ་ཐག་འཐབ་འཛིང་ནང་ཞུགས། ཛ་དྲག་གི་འཐབ་འཛིང་ཁྲོད་ངའི་དམག་གྲོགས་ཤིག་ལ་རྨས་སྐྱོན་ཕོག་པས། ངས་ཁོ་སྐྱོབ་ཏུ་སོང་བའི་སྐབས་སུ་ངའི་བྱིན་པར་མདེའུ་ཕོག་ནས་རྨས་སྐྱོན་བྱུང་ཡང་རྨས་དཀྲིས་སྟབས་བདེ་ཞིག་བྱས་རྗེས་ཡང་བསྐྱར་འཐབ་འཛིང་ནང་ཞུགས་པ་ཡིན། ཐེངས་དེའི་འཐབ་འཛིང་ཁྲོད་དམག་གྲོགས་བརྒྱད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་དང་མི་བཅུ་ལྷག་ལ་རྨས་སྐྱོན་ཕོག་ཡོད། ཕྱི་ཉིན། ཐག་ཉེའི་དམག་དཔུང་གིས་རོགས་སྐྱོར་སླེབས་རྗེས། ད་གཟོད་ངོ་ལོག་པ་ལྷག་མ་དག་རྩ་བ་ནས་མེད་པ་བཏང་ཐུབ་པ་བྱུང་། ཉིན་བཞིའི་འཐབ་འཛིང་ཁྲོད་འཐབ་འཛིང་པ་ཚོའི་མིག་ཟུང་ཁ་བས་ཕྱིས་ནས་ནད་སྐྱོན་ཚབས་ཆེན་ཕོག་པ་དང་། ཟ་རྒྱུར་རྩམ་པ་སྐམ་པོ་ལས་ཆུ་ཡང་མེད་པས་ཁ་བ་དང་མཉམ་བསྲེས་བྱས་ནས་ཕོ་བ་འགྲང་ཐབས་མི་བྱེད་ཀ་མེད་བྱུང་། སྐབས་དེར་ང་དང་དམག་གྲོགས་ཚང་མར་ཕོ་རྒྱུའི་ཚ་ནད་ཕོག་པ་དང་། བཤང་དུ་ཁྲག་ཐོན་པ། ཁ་སྐྲངས་པ་སོགས་ཀྱི་ནད་མང་པོ་བྱུང་ཡང་སུས་ཀྱང་དགྲ་བོའི་མདུན་ནས་དཔའ་ངར་ཞུམ་མེད།

ལས་གནས་བརྟན་པོ་སྲུང་ཞིང་འགན་ཁུར་ཏན་ཏིན་བྱས།

1966ལོར། ང་རང་རྟའུ་རྫོང་སྤྱི་བདེ་ཅུས་སུ་ལས་གནས་སྤོས་པ་ཡིན། དེའི་རྗེས་ཕྱོགས་ཀྱི་ལོ20ཡི་ནང་། ལྷག་པར་དུ་སྤྱི་བདེ་ཅུས་ཀྱི་འགོ་གཙོའི་འགན་ཁུར་རྗེས། ངས་ལས་བྱེད་པ་དང་ཉེན་རྟོག་པར་དོ་དམ་ནན་པོ་བྱས་པ་དང་། དཔུང་ཁག་གི་ཆབ་སྲིད་བསམ་བློའི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏང་རྒྱུར་མཐོང་ཆེན་བྱས་ཏེ། གྱོད་གཞི་སྣ་ཚོགས་རྩད་གཅོད་བྱེད་ཚད་གཅིག་ཀྱང་མ་ལུས་པ་གོང་རིམ་གྱི་བླང་བྱ་ལྟར་བསྒྲུབས་པ་དང་། ངས་གྱོད་གཞི་གལ་ཆེན་བསྒྲུབས་པར་དངོས་སུ་ལྟ་སྐུལ་བྱས་པ་དང་། འཚུབ་བསྟུན་གྱི་གནས་ཚུལ་ཐག་གཅོད་འོས་འཚམ་བྱས་ཏེ། ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱས་ཡོད།

ལས་འཁྱུར་ངལ་གསོ་ཡང་ཐོག་མའི་བསམ་འདུན་ནམ་ཡང་སེམས་སུ་བཅངས།

1998ལོར་ང་རང་ལས་འཁྱུར་ངལ་གསོ་བྱས་པ་ཡིན། 2008ལོར་ལྕགས་ཟམ་ཁར་གནས་སྡོད་བྱས་པ་དང་། 2014ལོར་ང་རང་ལྕགས་ཟམ་རྫོང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས“རྒན་གྲས་ལྔའི”དང་བླངས་པར་གདན་ཞུས་བྱས་ཤིང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱིས་གཅིག་གྱུར་སྣེ་ཁྲིད་འོག། ན་གཞོན་ལོ་ཆུང་ཚོའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་ཤུགས་རྒྱག་པ་དང་། བདེ་ཐང་ངང་འཚར་ལོངས་བྱུང་དུ་འཇུག་པ་དང་ཤེས་ཡོན་གཉིས་ལྡན་གྱི་མི་ཡ་རབས་འགྱུར་བར་རོགས་རམ་བྱེད་པ། ན་གཞོན་ལོ་ཆུང་ཚོས་ཏང་གི་བཀའ་དྲིན་དྲན་ཤེས་པ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པར་ཁྲིད་སྟོན་བྱས་པ་ཡིན།

དྲྭ་ཁང་ལྟ་སྐུལ་ཚོ་ཆུང་གི་ཚོ་གཙོའི་འགན་འཁུར་རིང་། ངས“རྒན་གྲས་ལྔའི”དང་བླངས་པ་སྣེ་ཁྲིད་དེ། གུང་སེང་དང་དུས་ཆེན་གྱི་སྐབས་སུ་དཀའ་ངལ་ལ་མ་འཛེམས་པར་དྲྭ་ཁང་དུ་སོང་ནས་ལྟ་སྐུལ་དོ་དམ་ཐེངས200ལྷག་བྱས་པ་དང་། ཚད་ངེས་ཅན་གྱི་ཐོག་ནས་གཞོན་ནུ་ལོ་ཆུང་ཚོ་དྲྭ་རྒྱའི་རོལ་རྩེད་ལ་དབྱིངས་ཞུགས་པའི་གནད་དོན་བཀག་འགོག་ནུས་ལྡན་བྱས་པས། ཁྱིམ་བདག་གིས་གདེང་འཇོག་བཟང་པོ་ཐོབ་པ་དང་དྲྭ་ཁང་བདག་གཉེར་མི་སྣའི་རྒྱབ་སྐྱོར་ཡང་ཐོབ་ཡོད། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་བྱིས་པ་དང་། གཞིས་སྲུང་བྱིས་པ། “ལྔ་ཤོར”ན་གཞོན་ལོ་ཆུང་སོགས་དམིགས་བསལ་གྱི་ཁྱུ་ཚོགས་ལ་དམིགས་ནས། རྫོང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་སྣེ་ཁྲིད་འོག་ང་ཚོ“རྒན་གྲས་ལྔའི”དང་བླངས་པ་ཚོས་དུས་རྒྱུན་ཁྱིམ་ཚང་དེ་དག་ལ་འཚམས་འདྲི་སོང་ནས་ཁོ་ཚོའི་སློབ་སྦྱོང་དང་། འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་ནས་ནུས་པ་ཡོད་ཚད་ཀྱིས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ཏེ། ཏང་དང་སྲིད་གཞུང་གི་བྱམས་སེམས་དྲོད་མོ་བསྐྱལ་བ་ཡིན།།

( སྐལ་བཟང་རྒྱ་མཚོས་བྲིས།)