国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཙང་བོ་འགྲམ་གྱི་གཞས།

ཆུ་བོར་དབྱངས་རྟ་ཐོར་ཞིང་རྒྱང་དུ་གྱེས།།

རྦ་རླབས་འདབ་ཀྱི་ངོས་སུ་རྨི་ལམ་འཁྱིལ།།

གཞོན་པའི་སྣང་བའི་རླུང་བུ་ལྡང་ཙམ་གྱིས།།

སེམས་ཀྱི་ཕུགས་བསམ་མེ་ཏོག་དེ་ཙམ་གཡོ།།

ཞི་འཇམ་ངང་ལས་ཐོར་བའི་གཞས་ཆུང་ལ།།

ཚོར་བའི་འཇའ་རིས་བྲིས་པའི་གད་ཁ་ཡོད།།

སྤྱན་གྱི་མཚོ་ཆུང་གཙང་བོར་ཅེར་ཙམ་གྱིས།།

སེམས་ཀྱི་གངས་རི་དེ་ཡང་གཡོ་འགུལ་བྱེད།།

སྔོན་པོ་མདོག་གིས་བཟུང་བའི་གཙང་བོ་ལ།།

ང་ཡི་གཟུགས་བརྙན་ནག་པོ་ཤར་ཙམ་བྱེད།།

ཕར་ཚུར་བརྡར་བའི་ཚུལ་ནི་ཞེན་ཆགས་ཏེ།།

བརྩེ་བའི་ཕྱི་མིག་འཁོར་བའི་སྣང་བ་ལགས།།

མདུན་གྱི་ལམ་དུ་སྨུག་པའི་རས་ཀྱིས་འཁྲེང་།།

སྔུན་དུ་བསྐྱོད་པའི་ལམ་ལ་མུན་པས་མནན།།

སྙིང་གི་གཤོག་ཟུང་རྡེབ་ཙམ་འཕུར་བ་དེར།།

ཁེར་རྐྱང་རླུང་གི་རང་དབང་གཡོ་བའི་ཟོལ།།

( མི་ཉག་སྨྱུ་གུ་ཕྲ་མོ།)