国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་བྱ་མེད་པའི་སློབ་མ།

སློབ་མ་ཞིག་ལ་མཚོན་ན་ལས་བྱ་ངོ་མི་འཕྲོད་པ་ནི་རྒྱུན་ལྡན་ཞིག་ཡིན་ལ། ལྷག་པར་ཏུ་སློབ་ཆུང་སྐབས་ཀྱི་སློབ་མ་ནི་ལོ་ན་ཕྲ་ཞིང་སེམས་ངོགས་དེ་ཙམ་ཟིན་མེད་པས། རྒྱུན་དུ་ལས་བྱ་ངོ་མ་འཕྲོད་པར་དགེ་རྒན་དང་ཕ་མ་སོགས་ཀྱི་གཤེ་གཤེ་མྱོང་གིན་ཡོད། ཁྱོད་རང་ཡང་ལས་བྱ་ངོ་མ་འཕྲོད་པར་དགེ་རྒན་གྱིས་འཛིང་མོ་བྱེད་མྱོང་ངམ།

སློབ་ཆུང་སྐབས་ལ་ང་ཚོའི་འཛིན་བདག་དགེ་རྒན་ནི་ང་རང་དང་ཡུལ་ཚོ་གཅིག་པའི་བུད་མེད་དགེ་རྒན་ཞིག་ཡིན་པ་དང་། མོ་རང་སློབ་མ་ཚོ་བུ་ལྟར་བྱམས་ཀྱིས་སྐྱོང་མཁན་ཞིག་ཡིན། རྒྱུན་དུ་མོས་སློབ་མའི་ལས་བྱ་དང་བློ་འདོན་སོགས་ལ་ཧ་ཅང་ནན་ཏན་གྱིས་དག་ཐེར་བྱེད་ཀྱིན་ཡོད། ང་རང་འཛིན་གྲྭའི་ནང་ནས་ལས་བྱ་དང་བློ་ལེན་དག་ཅུང་སྤུས་ལེགས་པར་འགྲུབ་ཐུབ་པའི་གྲས་ཡིན་པར་མ་ཟད། འཛིན་གྲྭའི་བྱ་བ་ལའང་ཅུང་གོ་ཆོད་གྲས་ཤིག་ཡིན་པས། དགེ་རྒན་གྱིས་ཀྱང་དམིགས་བསལ་གྱིས་ལྟ་རྟོག་བྱེད་པ་རེད། ང་རང་མོ་ལ་ཤིན་ཏུ་དགའ་ན་ཡང་མཚམས་རེར་ཤིན་ཏུ་འཇིགས་ཀྱིན་འདུག། མཉམ་མ་བཞག་ས་ནས་བྱ་བ་ཙག་ཙིག་རེ་བྱེད་ཉེས་པ་ན་སེམས་འཚུབ་ནས་གད་ལ་ཁད་རེ་བྱེད།

སློབ་ཆུང་ལོ་རིམ་གསུམ་པའི་སྐབས་ཀྱི་ལྔ་གཅིག་དུས་ཆེན་ལ་ང་ཚོར་ཉིན་བདུན་ཙམ་གྱི་གུང་གསེང་ཐུང་ཐུང་ཞིག་བཏང་བྱུང་། སློབ་མ་ཚང་མས་རང་རང་གི་མཁོ་དངོས་དག་བསྡུ་གསོག་བརྒྱབ་སྟེ་ཡུལ་ལ་ལོག་གྲབས་བྱེད་ཀྱིན་འདུག། ངའང་ཁུལ་གྱི་ནང་ནས་སྤྲད་པའི་རྩོམ་ཡིག་འགྲན་སྡུར་གྱི་གཟེངས་བསྟོད་ཡི་གེ་དེ་ཁྱིམ་མི་ཚོ་ལ་སྟོན་འདོད་ཀྱི་བྲེལ་བ་ལངས་ཏེ། བཀྲུ་དགོས་པའི་གྱོན་གོས་ཚི་དྲེག་མ་དག“ཨ་ནེ་ཇ་མའི”ས་ནས་ཁྱེར་ཡོང་བའི་རྩྭ་ཁུག་སེར་པོ་དེའི་ནང་དུ་བརྫངས་པ་དང་། དགེ་རྒན་རྣམས་གྱིས་ལས་བྱར་སྤྲད་པའི་རྒྱུགས་ཤོག་ཅིག་དང་འདྲ་བའི་ཤེས་བྱ་ཁ་སྐོང་གི་ལྷེབ་མ་དག་དཔེ་དེབ་འགའ་དང་ལྷན་དུ་ཐོག་ལ་དོམ་ཁྲ་དོད་ཡོད་པའི་དཔེ་ཁུག་ལྗང་གུ་དེའི་ནང་དུ་བཅུག་སྟེ་ཡུལ་ལ་ལོག་པར་སྟ་གོན་བྱས། ཅུང་ཙམ་འགོར་རྗེས་ཕུ་བོས་གསར་དུ་ཉོས་པའི་འཕྲུལ་རྟ“ལུང་ཤན་པཱ་ཏཱའོ”ཞིག་ཡོད་པ་དེར་ཞོན་ཏེ་ང་རང་བསུ་སར་ཐོན་བྱུང་། ང་རང་ཕུ་བོའི་འཕྲུལ་རྟའི་འཕོང་ལ་འབྱར་ཏེ་དཔྱིད་རླུང་འཇམ་པོ་ཞིག་དང་ལྷན་དུ་ཕ་ཡུལ་གྱི་ཕྱོགས་སུ་བརྒྱུགས་པ་ཡིན། ང་རང་ཕ་ཡུལ་དུ་ཆས་སའི་གཞུང་ལམ་གྱི་གཡས་གཡོན་དག་ཏུ་རྩྭ་རྩི་ཤིང་གི་ལོ་མ་ལྗང་ཏིག་ཏིག་ཏུ་སྣང་ལ། བྱ་དང་བྱེའུ་དག་ཀྱང་ཡར་འཕུར་མར་འཕུར་གྱིས་རྩེད་འཇོར་རོལ་གྱིན་འདུག། འདི་ནི་དགུན་གནང་བསྡུས་རྗེས་ཀྱི་ང་རང་སློབ་གྲྭའི་ར་སྐོར་བརྒལ་ནས་སོང་བ་ཐེངས་དང་པོ་ཡིན་པ་དང་། ད་ལོའི་དཔྱིད་ཀ་མཐོང་བའང་ཐེངས་དང་པོ་ཡིན་པས། སེམས་སུ་ཚོར་སྣང་སྐྱིད་པོ་ཞིག་གིས་མྱོས་པར་གྱུར། ངས་ལག་པ་གཉིས་མཁའ་རླུང་ནང་དུ་བསྲིངས་ཏེ་དཔྱིད་རླུང་ལ་བྱིལ་བྱིལ་བྱེད་ཀྱིན་ཕ་ཡུལ་དང་ཕ་ཡུལ་གྱི་ཕ་མ། ད་དུང་ཕ་ཡུལ་གྱི་སྙིང་ཉེ་བ་མང་པོ་ཞིག་མཇལ་འདོད་ཀྱི་སྲེད་པ་ལངས་ནས་ཕུ་བོར་མགྱོགས་པོར་རྒྱུགས་དང་ཞེས་འུར་བརྒྱབ་པ་ཡིན།

ད་ཐེངས་ཀྱི་གུང་གསེང་འདི་ནི་ཏག་ཏག་ངའི་ཕ་ཡུལ་དུ་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ལ་ཁེལ་འདུག་པས། ཕྱིར་ཉིན་ནས་བཟུང་ཨ་མ་དང་ཨ་ཅེར་འགྲོགས་ནས་རི་སྒང་དུ་དབྱར་རྩྭ་དགུན་འབུ་འཐུ་རུ་སོང་བ་ཡིན། ཨ་ཕ་ལགས་ཀྱིས་ང་རང་དབྱར་རྩྭ་དགུན་འབུ་འཐུ་རུ་འགྲོ་མི་དགོས། ཁྱིམ་དུ་སྡོད་ལ་ནུ་མོར་ཁྱིམ་སྲུང་རོགས་བྱེད་ཞོར་དུ་རང་གི་ལས་བྱ་འགྲུབ་ནི་བྱོས། དབྱར་རྩྭ་དགུན་འབུ་འཐུ་བ་ལས་དེ་གལ་ཆེ་བ་རེད་ཅེས་གནང་བྱུང་མོད། ང་རང་རི་སྒང་ནས་ཐབ་ཀ་བཟུང་ནས་ཇ་བསྐོལ་རྒྱུར(འབྲོག་པ་ཚོའི་ཁ་སྐད་དུ་ཇ་བསྐོལ་རྒྱུ་འཛིན་ཟེར)ཤིན་ཏུ་དགའ་པོ་ཡོད་པས། ཨ་ཕ་ལགས་ལ་ད་ཐེངས་ལས་བྱ་དེ་ཙམ་མང་པོ་མེད། ཉི་མ་གཅིག་གིས་བྲིས་ཚར་ཐུབ། སློབ་འགོ་ཚུགས་པའི་སྔ་ཉིན་དེར་བྲི་རྒྱུ་ཡིན་ཞེས་བཤད་པ་ཡིན། ཡིན་ཡང་ཨ་ཕ་ལགས་དེ་འདྲའི་འཐད་པ་མི་འདུག་མོད། ཨ་མ་སྔར་དང་མི་འདྲ་བར་དེ་རིང་ངའི་ཕྱོགས་ནས་བཤད་བྱུང་། པ་ལགས་ལ་དེ་ན་ཁོ་རང་དབྱར་རྩྭ་འཐུ་རུ་མངོགས་དང་འབུ་རྐོན་ཡང་ཐུ་མོ(འབྲོག་པའི་སྐད་ཆའི་ནང་དུ་དབྱར་རྩྭ་འཐུ་བར་བཟང་བའི་དོན)འདྲ་ཞིག་རེད། ཁོ་རང་ཉིད་སློབ་གྲྭར་འགྲོ་བྱེད་ཅིག་ལོན་ས་རེད་ཟེར།

དུས་ཚོད་ནི་རགས་ནས་ཤོར་བའི་གཙང་བོ་ཞིག་དང་འདྲ་བར། མིག་རྡེབ་ཡུན་ཙམ་ཡང་མ་བྱིན་པར་སློབ་འགོ་ཚུགས་པའི་སྔ་ཉིན་དེར་སླེབས་བྱུང་། ངས་དཔེ་ཁུག་ལས་ལས་བྱ་དག་བཏོན་ཏེ་རེ་རེ་བཞིན་འབྲི་འགོ་རྩོམ་དུས། ངས་ད་གཟོད་ངའི་དཔེ་ཁུག་ནང་དུ་རྩིས་རིག་གི་ལས་བྱ་ཤོག་ལྷེབ་དེ་མཐོང་རྒྱུ་མི་འདུག་པ་ཤེས་བྱུང་། ངས་རང་ཉིད་ཀྱི་མིག་གཉིས་ལ་ཡིད་མི་ཆེས་པ་ལྟར་དཔེ་ཁུག་ནང་གི་དཔེ་ཆ་དག་ཐེངས་བཞི་ལྔ་ཞིག་ལ་ཕྱིར་ཕུད་དེ་ཤོག་ངོས་རེ་རེ་བཞིན་བསྒྱུར་ཏེ་བར་དུ་གཅིར་ཡོད་མེད་བལྟས་ཀྱང་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ངའི་སེམས་སུ་ད་ནི་རྩིས་རིག་གི་ལས་བྱ་འབྲི་རྒྱུ་མེད་པས་སློབ་འགོ་ཚུགས་ན་དགེ་རྒན་གྱིས་གཤེ་གཤེ་གཏོང་ཐག་ཆོད་ཡིན་ལ། ཨ་ཕ་ལགས་ཀྱིས་ཀྱང་ངས་རྩིས་རིག་གི་ལས་བྱ་སློབ་གྲྭ་ནས་ལུས་སོང་བ་ཤེས་ན་ང་རང་གསད་མི་གསད་ཅིག་བྱེད་ངེས་ཡིན་སྙམ་གྱིན་རང་ཉིད་ལ་ལེ་བདའ་བྱེད་པ་དང་སེམས་འཚབ་ནས་སྙིང་ཡང་ལྷོག་ལྷོག་བྱེད། མ་གཞིར་གུང་གསེང་གཏོང་ཉིན་དེར་ང་རང་དགའ་དྲགས་པས་རྩིས་རིག་ལས་བྱ་སློབ་གྲྭའི་ནང་ནས་ཁྱེར་རྒྱུ་བརྗེད་སོང་བ་རེད་འདུག། དེ་ནས་དོན་དག་དེ་ཁྱིམ་མི་ཚོ་ལའང་བཤད་མ་ཕོད་པར་གསང་བ་ཡིན། དགོང་མོ་ནུབ་ཚ་འཐུང་སྐབས། ཨ་ཕ་ལགས་ཀྱིས་སང་ཉིན་སློབ་འགོ་ཚུགས་རྒྱུ་རེད། ཁྱོད་ཀྱིས་ལས་བྱ་ཚར་སོང་ངམ་ཞེས་དྲིས་བྱུང་། སྐད་ཆ་དེ་ནི་ངའི་སྙིང་ཁར་རལ་གྲིས་བསྣུན་པ་ལྟ་བུའི་ན་ཟུག་སློང་བྱེད་ཅིག་རེད། ངས་མྱུར་མོར་པ་ལགས་ལ་ལས་བྱ་ཚར་སོང་ཞེས་ལན་བྱིན་མོད། པ་ལགས་ཀྱིས་ངོ་མ་ཚར་ཡོད་ན་བཟང་གི་ཞེས་ཡིད་མི་ཆེས་པའི་ཉམས་འདྲ་ཞིག་བསྟན་བྱུང་བས། ངའི་སེམས་སུ་ངས་རྩིས་རིག་གི་ལས་བྱ་སློབ་གྲྭ་ནང་ནས་ལུས་སོང་བ་དེ་པ་ལགས་ཀྱིས་ཤེས་ཡོད་པ་མིན་ནམ་སྙམ་ནས་དོགས་མི་བདེ་བ་ཞིག་བྱུང་སོང་། དོན་ངོ་མར་པ་ལགས་ཀྱིས་ཅུང་ཙམ་ཡང་ཤེས་ཀྱིན་མི་འདུག།

ང་རང་སེམས་སུ་འཇིགས་སྣང་དང་ཐེ་ཚོམ། ལས་འགྱོད་དང་སེམས་ཚེགས་སོགས་ཀྱིས་གཏམས་ཏེ་མལ་དུ་ཉལ་ཡང་། བསམ་བློ་ཡར་གཏོང་མར་གཏོང་མང་པོ་བྱས་ནས་ནམ་དཀྱིལ་ཙམ་ཞིག་མ་གཏོགས་གཉིད་ཁུགས་མ་ཐུབ། ནམ་གུང་ཞིག་ལ་ཅི་ཡིན་མ་གོ་བར་གཉིད་ལ་ཟིན་སོང་། རྨི་ལམ་ཞིག་ཀྱང་རྨིས་བྱུང་། ང་རང་སློབ་གྲྭར་འབྱོར་བ་དང་དགེ་རྒན་གྱིས་ང་ལ་རྩིས་རིག་ལས་བྱ་ངོ་སྤྲད་རྒྱུ་མེད་པས་གཤེ་གཤེ་དང་སྡིགས་མོ་བྱས་པ་དང་། ཁྱིམ་བདག་ལ་སྒོར་ཉིས་བརྒྱ་ཡིས་ཆད་པ་བཅད་བྱུང་། པ་ལགས་ཀྱིས་ཁྱོད་ཀྱིས་རྫུན་ལབ་དགོས་དོན་ཅི་ཡིན། ཁ་སང་བྲིས་ཚར་ཡོད་ཟེར་བ་ཁྱོད་མིན་ནམ་ད་ཁྱེར་ཤོག་ཟེར་གྱིན་འདུག། ནངས་མོ་ཨ་ཅེ་ཡང་མལ་ལས་མ་ལངས་གོང་ནས་ང་རང་གཉིད་ལས་སད་བྱུང་བ་དང་། མདང་དགོང་གི་རྨི་ལམ་དེ་སེམས་སུ་དྲན་དུས་སྙིང་འཕགས་པ་ཞིག་བྱུང་སོང་། ང་རང་སློབ་གྲྭ་ནས་མཚམས་མཚམས་སུ་རྨི་ལམ་སྐྱིད་པོ་རེ་རྨིས་ཀྱང་། དེའི་གཅིག་ཀྱང་ཐུག་མྱོང་མ་བྱུང་བས། སེམས་སུ་ད་ཐེངས་ཀྱང་མི་ཐུག་པར་སྨོན་ཞེས་གསོལ་བ་བཏབ།

ཉིན་གུང་ཡོལ་བ་ན། ཡང་སྔར་དང་ནང་བཞིན་ང་རང་ཕུ་བོའི་འཕྲུལ་རྟའི་འཕོང་ལ་འབྱར་ནས་སློབ་གྲྭར་སོང་བ་ཡིན། སློབ་གྲྭའི་ཡ་ཟུར་གྱི་གད་སྙིགས་སྲེག་ས་ཞིག་ཡོད་པ་དེར་སླེབས་དུས་གང་ནས་ཡོང་མི་ཤེས་པའི་སྐྲག་སྣང་ཞིག་གིས་ཁོག་སྟོད་ཡོངས་སུ་བཀང་བ་དང་དབུགས་ཀྱང་ལེན་ཁག་པོར་གྱུར། དེ་ནས་མར་སོང་བ་ན་སློབ་གྲྭའི་ར་སྐོར་གྱི་ཟུར་སྣེ་མཐོང་ས་དེར་སླེབས་དུས། ང་རང་བར་སྣང་ཁམས་སུ་བཏེགས་པ་ལྟ་བུའི་སྣང་བ་ཞིག་སྐྱེས་པ་དང་། ཁོག་སྟོད་ཀྱི་སྙིང་ཕྱིར་ཕུད་དེ་གས་མ་བརྒྱར་འཕངས་པ་ལྟ་བུ་ཞིག་བྱུང་། ཏག་ཏག་སློབ་གྲྭའི་སྒོ་རྩར་ཐོན་པ་དང་ང་དང་ཕུ་བོ་ངེད་གཉིས་འཕྲུལ་རྟ་ནས་བབས་ཤིང་ཅ་ལག་དག་ཁྱེར་ཏེ་སློབ་གྲྭའི་སྒོ་ཆེན་བརྒལ་ནས་སོང་། ང་རང་སྒོ་ཆེན་འདི་རྡོག་པས་མནན་ནས་འགྲོ་བའི་དུས་ཚོད་ཀྱི་སྐད་ཅིག་མ་དེར་ངའི་སྣང་ངོགས་སུ་སྒོ་ཆེན་འདི་ནི་ལྕགས་ཀྱི་ཁྲོ་བོ་ཞིག་ལས་ཀྱང་འཇིགས་རུང་ལྡན་པ་ཞིག་རེད་སྙམ་བྱུང་། ངས་རྐང་པ་ཡ་གཅིག་སྒོ་ཆེན་གྱི་ནང་དུ་སྤོས་པ་དང་རྐང་པ་ཡ་གཅིག་སྒོ་ཆེན་གྱི་ཕྱི་ནས་ནང་དུ་ལེན་སྐབས། ང་རང་ཉེས་ཅན་གྱི་བཙོན་པ་ཞིག་དང་འདྲ་བར་དབུགས་ལྷེམ་ལྷེམ་བྱེད་ཀྱིན་འདུག།

ཕུ་བོ་ངེད་གཉིས་ཀྱིས་ཅ་ལག་དག་སྡོད་ཁང་དུ་བཞག་རྗེས། ངས་སྤོབས་པ་ཆེན་པོས་དཔེ་ཁུག་འཁྲུས་སུ་དྲུད་དེ་ལས་བྱ་དག་ཕྱིར་བཏོན་པ་ཡིན། འོན་ཀྱང་། རྩིས་རིག་གི་ལས་བྱ་ངོ་སྤྲད་རྒྱུ་མེད་པ་ནི་རང་ཉིད་ཀྱི་སེམས་ན་ཁྲིགས་སེ་ཡིན་པས་ཐབས་བཀོད་གཞན་པ་ཞིག་ལ་བསམ་བློ་གཏོང་བ་ལས་བྱ་ཐབས་བྲལ། ད་ནི་གང་ལྟར་དགེ་རྒན་བཙལ་བ་ལས་ཐབས་གཞན་མེད་ཀྱང་། ངའི་སེམས་སུ་དགེ་རྒན་ལ་རྫུན་གཏམ་འདྲ་ཆགས་མོ་ཞིག་བཙལ་ན་དགའ་འམ། ཡང་ན་དྲང་མོ་དྲང་རྐྱང་གིས་ལབ་ན་དགའ་སོགས་ལ་བསམ་བློ་བཏང་ནས་ཡུད་ཙམ་ལ་བློ་ཐེ་ཚོམ་གྱི་དྲ་བར་ཚུད། མཚམས་རེར་འཛིན་གྲྭའི་ནང་གི་སློབ་གྲོགས་སྐོར་རེས་རྫུན་རེ་བཤད་ནའང་དགེ་རྒན་གྱིས་བདེན་དུ་འཇུས་ནས་ཕྱིར་གཏོང་གིན་འདུག་པས། ངས་ཀྱང་ད་ཐེངས་རྫུན་ཞིག་ལབ་ན་ཇི་དྲག་འདོད་ནས། དགེ་རྒན་གྱི་སྡོད་ཤག་སྒོ་རྩར་ཐེངས་འགར་སླེབས་ཀྱང་། སྒོ་གླེགས་རྡུང་བའི་སྤོབས་པ་ཡེ་ནས་ཡོད་མ་བྱུང་། དེ་ལྟར་ཕར་འགྲོ་ཚུར་འོང་མང་པོ་ཞིག་བྱས་ཀྱང་། དངོས་གནས་དགེ་རྒན་ལ་བཏུད་པའི་སྤོབས་པ་རྙེད་མ་བྱུང་།

སྐབས་དེར། ངའི་ཁོག་ཏུ་བློ་གསར་བ་ཞིག་འཁྲུངས་སོང་། སློབ་གྲྭའི་སྒོ་སྲུང་ནི་ངའི་ཞང་བོ་ཞིག་ཡིན་པ་དང་། དགེ་རྒན་ཚོ་ལའང་འབྲེལ་བ་བཟང་པོ་ཡོད་མཁན་ཞིག་ཡིན། ངས་ཁོ་རང་ཁྲིད་ནས་དཀར་འདོན་བྱེད་དུ་བཅུག་ན་དགེ་རྒན་ཡང་ཡིད་ཆེས་ངེས་ཡིན་སྙམ། ཡིན་ཡང་། ངས་ཞང་བོ་ལ་ལས་བྱ་བྲིས་ནས་ཚར་ཀྱང་ཁྱིམ་དུ་ལུས་པ་རེད་ཅེས་རྫུན་ཞིག་མ་ལབ་ན་ཁོས་ཀྱང་ང་ལ་སྡིགས་སྲིད་པ་ཁོ་ཐག་ཡིན་པས་དེ་ལྟར་ལབ་དགོས་བྱུང་། ཞང་བོ་ནི་ང་རང་ཤིན་ཏུ་གཅེས་མཁན་ཞིག་ཡིན་པས་བཤད་དཀའ་ཅི་ཡང་མེད་པར་ང་རང་ཁྲིད་ནས་དགེ་རྒན་མཇལ་དུ་སོང་། དགེ་རྒན་གྱི་སྡོད་ཤག་ལ་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ངའི་སྙིང་གི་འཕགས་ཚད་ཀྱང་ཇེ་མགྱོགས་སུ་ཕྱིན། སེམས་སུ་དགེ་རྒན་ཡིད་མ་ཆེས་ན་ཅི་བྱ། དགེ་རྒན་གྱིས་ངས་རྫུན་ལབ་པ་གོ་སོང་ན་ཡང་ཅི་བྱ་སོགས་དྲན་ནས་སེམས་རླུང་ནག་འཚུབ་འཚུབ་བྱས། བློ་ཡུལ་ལས་འདས་པ་ཞིག་ལ་དགེ་རྒན་གྱིས་ང་ལ་ཧ་ཅང་ཡིད་ཆེས་ཆེན་པོ་བྱས་འདུག། དགེ་རྒན་གད་མོ་དགོད་ཞོར་དུ་ལས་བྱ་ཕ་མ་གཉིས་ལ་དྲན་རྟེན་དུ་བཞག་པ་ཡིན་ནམ་སོགས་ཀུ་རེ་རྩེ་བ་ལས་གཤེ་གཤེ་གཏོང་གིན་མི་འདུག། ཡང་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དུ་ལས་བྱ་ཁྱིམ་དུ་ལུས་སོང་བ་དེར་སྐྱོན་ཆེན་པོ་མི་འདུག་ཟེར་ནས་ཕྱིར་བཏང་བྱུང་།

ད་ནི་སེམས་སུ་འཇིགས་སྣང་ཅི་ཡང་མེད་མོད། ཧ་ཅང་དོགས་མི་བདེ་བའི་ཚོར་བ་ཞིག་ཇེ་མང་དུ་སོང་འདུག། དགེ་རྒན་གྱི་རྣམ་འགྱུར་དང་ཚུགས་ཀ་གང་ནས་བལྟས་ཀྱང་ངས་ཁོ་རང་མགོ་སྐོར་གཏོང་ཡོང་སྙམ་པའི་སེམས་པ་ཞིག་གཏན་ནས་མི་འདུག། ཡིན་ཡང་། ངས་ནི་འདི་ལྟར་ཁྲེལ་མེད་ཀྱི་ལས་བྱས་སོང་སྙམ་ན་སེམས་སུ་འགྱོད་གདུང་ཞིག་ཀྱང་འཕྱུར་ཡོང་། ང་རང་དུས་ཚོད་ཀྱི་མདའ་ཁབ་དང་འགྲོགས་ནས་ཡུན་རིང་སོང་མཐར་ངས་ད་གཟོད་ཧ་གོ་སོང་། མཁས་པས་བཤད་པའི“ཁྱོད་ཀྱིས་མགོ་སྐོར་ཐུབ་པའི་མི་དེ་ནི་ཁྱོད་ལ་ཆེས་ཡིད་ཆེས་ཡོད་པའི་མི་དེ་ཡིན། ” ཟེར་བའི་སྐད་ཆ་དེ་དངོས་གནས་བདེན་པ་རང་རེད་འདུག།

( གཡེར་མ།)