国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་ ཤུལ་ སེབ་ པ་ དགོན་ དུ་ མཇལ་ བའི་ བོད་ ཀྱི་ ཁྱད་ འཕགས་ རིག་ རྫས།

སེབ་པ་དགོན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་ཆུའི་འགྲམ་རྒྱུད་ཀྱི་སེབ་པ་གྲོང་ལྟག་ཏུ་ཆགས་ཡོད། ད་བར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད།

2010ལོའི་ཟླ4པའི་ཚེས14ཉིན་ཡུལ་ཤུལ་དུ་ས་འགུལ་ཆེན་པོ་བྱུང་རྗེས། སེབ་པ་དགོན་དུ་རྒྱལ་ཁབ་ཀྱི་རོགས་སྐྱོར་དང་མི་སེར་གྲྭ་བཙུན་དག་གིས་ཧུར་བརྩོན་སྡུག་རུས་བྱས་འོག་སྒོར་ཁྲི500ལྷག་བཏང་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ2544ཡོད་པའི་དངོས་མང་བཤམས་སྟོན་ཁང་བསྐྱར་བཞེངས་བྱས་པ་དང་། སེབ་པ་དགོན་པས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་འདུ་ཤེས་ཀྱིས་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་རིགས་རིག་གནས་ཤུལ་བཞག་གི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་འབད་བརྩོན་ལྷོད་མེད་བྱས་པ་དང་།དམངས་ཁྲོད་ནས་ཡུལ་སྲོལ་ཐོན་སྐྱེད་དང་། འཚོ་བའི་མཁོ་ཆས། སྲོག་ཆགས་གསོབ་གཟུགས་སོགས་དངོས་རྫས་ཁྲི་གཉིས་ལྷག་བསྡུ་རུབ་བྱས་ཡོད།

སྤྱི་ལོ1998ལོར་སེབ་པ་དགོན་པ་མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོང་གཙོ་གནད་སྡེ་ཁག་ཏུ་བདམས་པ་དང་། 2015ལོར་རྒྱལ་ཡོངས་ཀྱི་རིག་རྫས་བརྟག་ཞིབ་བྱེད་དུས་རིག་རྫས་ཀྱི་གྲལ་དུ་ཚུད་པའི་སྣོད་ཆས་ཀྱི་རིགས605ཡོད་པ་རེད། དེ་བཞིན་མཆོད་ཆ་དང་རོལ་ཆ། ཟངས་རག། རུས་སོ། གོ་མཚོན་དང་དེ་མིན་དངོས་རྫས་ཀྱི་རིགས་སོགས་དམངས་ཁྲོད་ཀྱི་ཁྱད་འཕགས་རིག་རྫས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལྷག་པར་དུ་ཆོས་ལུགས་ཀྱི་ཡོ་བྱད་མིན་པའི་རིག་དངོས་སྲུང་སྐྱོང་བྱས་པ་འདི་ནི་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་གཞན་ན་མེད་པའི་རིག་རྫས་སྲུང་སྐྱོང་བྱེད་པའི་མཛད་པ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་པ་རེད།།

( མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།)