སྤྱི་ཟླ་དང་པོའི་ཚེས11ནས་ཚེས12ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་སེར་ཤུལ་དང་སྡེ་དགེ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་ཏུ་ཕེབས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ཧུར་བརྩོན་གྱི་རྣམ་འགྱུར་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་བརྟན་པོར་འཁུར་བ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་འགན་ཧུར་ཐག་འཁུར་བ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་ཆེད་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས་པའི་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བརྟག་ཞིབ་ནང་ཞུགས་ཡོད།
བརྟག་ཞིབ་བྱེད་རིང་ཀྲའོ་པོ་ས་ཆ་རེར་སླེབས་དུས་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དྲིལ་བསྒྲགས་གནང་བ་དང་། སེར་ཤུལ་དང་སྡེ་དགེ་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུར་གསན་འཇོག་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
ཀྲའོ་པོ་ཡིས་སེར་ཤུལ་དང་སྡེ་དགེ་རྫོང་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཡུལ་དེ་གའི་གནས་ཚུལ་དང་བསྟུན་ནས་ཇུས་འགོད་ཕོད་པ་དང་ཇུས་འགོད་མཁས་པར་རྒྱུན་འཁྱོངས་ཏེ། རྫོང་ཁོངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཐོན་ལས་རྨང་གཞི། གནས་ཡུལ་ཆ་རྐྱེན་བཅས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་སྒོས་ལོ་ལྔའི་འཆར་གཞི་བཟོ་བ་དང་། གཙོ་གནད་རྣམ་གྲངས་འཆར་འགོད་ནན་ཏན་བྱས་ཏེ། ཐོན་ལས་གྲུབ་ཚུལ་མུ་མཐུད་དེ་ལེགས་སུ་གཏང་དགོས། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོང་དང་ནུས་ཁུངས་གསར་སྤེལ་ཐད་ལ་བརྩོན་ཞིང་བྱ་སྤྱོད་སྤེལ་མཁས་པ་དང་། ཁུལ་ཡོངས་ཀྱི“ཆུ་དང་རླུང་དང་འོད་གསོག་འཇོག་གཞི་གཅིག་ཅན”གྱི་བཀོད་སྒྲིག་ལ་དམིགས་ནས། སྐྱེ་ཁམས་དམར་ཐིག་ནན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཁུངས་གཙང་མའི་རྣམ་གྲངས་ལ་བསྐུལ་ཏེ། ཐོན་ཁུངས་གསར་སྤེལ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས། ལས་ལ་བརྟེན་ནས་རྒུད་སྐྱོབ་གསབ་པ་སོགས་ཀྱི་ལམ་སྲོལ་བརྒྱུད་དེ་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། སྦག་མེད་འཕེལ་རྒྱས། དམངས་འཚོ་ལེགས་སུ་གཏོང་བ་བཅས་གཅིག་གྱུར་བསྐུལ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྣམ་པ་གསར་པ་གཏོད་པ་དང་སྣང་ཚུལ་གསར་པ་མངོན་པ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
ཁུལ་གྱི་མགོ་ཁྲིད་ཁྲེན་པོ་ཐའོ་དང་ཝང་ཞིང་ཆོན། སེར་ཤུལ་རྫོང་དང་སྡེ་དགེ་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
