སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་ཞོགས་པར། བོད་ལྗོངས་ཉིང་ཁྲིའི་སྨན་གླིང་གནམ་ཐང་ནས་འཕུར་ཞིང་། སྣུམ་ཇ་དང་འོ་ཐོན་དངོས་རྫས་སོགས་བོད་ལྗོངས་ཀྱི་ཁྱད་ཆོས་ཐོན་རྫས་ཁུར་ནས་མཁའ་ལམ་ཕར་འགྲོ་སྤྱི་ལེ1100ལས་བརྒལ་བའི་FP-985རྟགས་ཅན་གྱི“གསེར་གླང་སྐར་ཚོམ”གཏན་འཇགས་གཤོག་པའི་མི་མེད་གནམ་གྲུ་ཆེ་གྲས་ཤིག་སི་ཁྲོན་མེན་དབྱང་པེ་ཁྲོན་ཡུང་ཁྲང་གནམ་ཐང་དུ་བབས་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་མཐོ་སྒང་གི་མི་མེད་གནམ་གྲུ་ཆེ་གྲས་ཀྱི་ཟོག་འགྲེམ་མཁའ་ལམ་ཐོག་ནས་ཐེངས་དང་པོར་འཕུར་སྐྱོད་ར་སྤྲོད་ལ་གྲུབ་འབྲས་ཐོབ་པ་མཚོན་པ་དང་། ནུབ་རྒྱུད་མཐོ་སྒང་ས་ཁུལ་དུ་ནུས་ཆེ་པ་ཆེ་ཞིང་བརྟན་ལྷིང་ཡིན་པའི་མཁའ་དམའ་ཟོག་འགྲུལ་དྲྭ་རྒྱ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
གསར་འགོད་པས་ཀྲུང་གོ་འཕུར་སྐྱོད་ཚན་རྩལ་ཚོགས་པས་བཙུགས་པའི་དུས་རབས་ཧྥེ་ཕེང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། FP-985“གསེར་གླང་སྐར་ཚོམ”ནི་རང་རྒྱལ་གྱིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པ་དང་མཐོ་སྒང་དང་། མཚོ་གླིང་། ཐག་རིང་ས་ཁུལ་སོགས་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ལ་ཁ་གཏད་པའི་གཏན་འཇགས་གཤོག་པའི་མི་མེད་གནམ་གྲུ་ཆེ་གྲས་ཤིག་རེད། མི་མེད་གནམ་གྲུའི་འཕུར་སྐྱོད་ལྗིད་ཚད་ཆེ་ཤོས་ཏུན5.7དང་། ཚོང་རྫས་ཐེག་ཚད་ཏུན2ལས་བརྒལ་བ། གནམ་ཐང་བསྒྱུར་བའི་འཕུར་སྐྱོད་ལམ་ཐག་སྤྱི་ལེ2000ལས་བརྒལ། མཐོ་སྒང་གྲང་ངར་ཆེ་བ་དང་། མཚོ་གླིང་ཚྭ་སྨུག་སོགས་ཐལ་དྲགས་པའི་ཁོར་ཡུག་འོག་རྒྱང་རིང་དངོས་ཟོག་སྐྱེལ་འདྲེན་ནུས་པ་ལྡན་པས། ཚད་ལྡན་གནམ་གྲུ་ཐང་དུ་བར་ཐག་ཐུང་ཐུང་ལ་འཕུར་འབབ་ཐུབ་པར་མ་ཟད། སྟབས་བདེའི་གནམ་གྲུ་ཐང་དུ་ཡང་སྟབས་བསྟུན་བཀོད་སྒྲིག་བྱེད་ཆོག་ཅིང་། འཁྱགས་འགོག་དང་ཐོག་འགོག། རླུང་འགོག་སོགས་ཀྱི་འགག་རྩའི་ནུས་པ་ལྡན་ཞིང་ཉིན་གང་བསྟུད་མར་འཕུར་སྐྱོད་བྱེད་ཐུབ་པ་རེད།
ཁྲོན་བོད་ས་ཁུལ་གྱི་མཁའ་དམའ་ཟོག་འགྲུལ་བགྲོད་ལམ་བསྐྲུན་པ་དེས་ས་གནས་གཉིས་ཀྱི་ཁྱད་ཆོས་ཞིང་ལས་ཐོན་རྫས་ཕྱི་སྐྱེལ་འཁོར་རྒྱུག་དང་བོད་ལྗོངས་ནས་དངོས་ཟོག་ནང་འདྲེན་ཕྱིར་གཏོང་གི་འགན་ལེན་ནུས་པ་ཆེ་རུ་གཏོང་ཐུབ་ཅིང་། ནུབ་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བ་དང་། ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་འཚུབ་བསྟུན་བརྡ་ལེན་ནུས་པ་འགན་ལེན་བྱེད་པའི་ས་ཁོངས་གསར་པ་དང་སྤུས་ཚད་གསར་པ་གལ་ཆེན་གྱི་བྱ་ཐབས་ཤིག་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)
