སྤྱི་ཟླ་དང་པོའི་ཚེས12ཉིན། ཁུལ་ཨུ་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ། ཧྲོང་ལིའུ་ཆུས་ཨུ་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་ཐུན་མོང་རྒྱབ་སྐྱོར་འོག། དཀར་མཛེས་ཁུལ་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལྟེ་གནས་ཁྲེང་ཏུའུ་ནས་དངོས་སུ་སྒོ་ཕྱེས་པ་རེད། དེས་མཐོ་སྒང་དང་ཁྲེང་ཏུའུ་དབར་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་གསར་པ་བཏོན་པ་མཚོན་པར་མ་ཟད། ཏང་ལེགས་སྐྱོང་གི་སྣེ་ཁྲིད་འོག་ས་ཁོངས་མཉམ་ལས་དང་། ཞིང་པར་རོགས་རམ་དང་ཞིང་པ་ཕྱུག་པོ། མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་མངོན་པ་རེད།
ཏང་ལེགས་སྐྱོང་གི་སྣེ་ཁྲིད་འོག་ཞིང་པར་ཕན་ཐོགས་པ་དང་ཕྱུག་པོར་གྱུར་པའི་ལས་སྟེགས་གསར་པ་བསྐྲུན།
དཀར་མཛེས་ཁུལ་ཁྱད་ལྡན་ཞིང་ལས་ཐོན་རྫས་ལྟེ་གནས་ཁྲེང་ཏུའུ་གྲོང་ཁྱེར་གྱི་འགུལ་སྐྱོད་ཏང་མི་ཞབས་ཞུ་ལྟེ་གནས་ནས་སྒོ་ཕྱེ་བ་དེས་ཏང་ལེགས་སྐྱོང་ལས་དོན་གྱིས་གནད་དུ་འཁེལ་བའི་ནུས་པ་འདོན་སྤྲོད་བྱས་པ་དང་། རང་ཁུལ་གྱི་ཁྲེང་ཏུའུ་ལ་གནས་སྡོད་བྱེད་པའི་རྒྱ་ཆེ་བའི་འགུལ་སྐྱོད་ཏང་མིར་ཕ་ཡུལ་གྱི་འཛུགས་སྐྲུན་ནང་ཞུགས་པ་དང་ཕ་ཡུལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་སའི་སྟེགས་བུ་མཁོ་འདོན་བྱས་པར་མ་ཟད། ཁྲེང་ཏུའུ་ཡི་ཡུལ་མི་དང་ལས་རིགས་ཁག་གི་མི་སྣས་དཀར་མཛེས་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཐད་འབྲེལ་བ་བྱེད་སའི་སྒེའུ་ཁུང་ལྟ་བུ་གྱུར་ཡོད། དཀར་མཛེས་ཁུལ་ཁྱད་ལྡན་ཞིང་ལས་ཐོན་ལས་ཚོང་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་ནི་དཀར་མཛེས་དང་ཧྲོང་ལིའུ་གཉིས་ཀྱིས་མཉམ་དུ་ཏང་ལེགས་སྐྱོང་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ལག་ལེན་ཐེངས་ཤིག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། འགྲེམས་སྟོན་ལྟེ་གནས་ཀྱིས“ཏང་ལེགས་སྐྱོང་གིས་སྣེ་ཁྲིད་དེ་ཞིང་པར་རོགས་རམ་དང་ཞིང་པ་ཕྱུག་པོར་འགྱུར་བའི” དམིགས་ཡུལ་གཙོ་བོ་རྒྱུན་འཁྱོངས་པ་དང་དམིགས་འབེན་གསལ་པོ་ཡིན། གཅིག་ནི་དཀར་མཛེས་ཁུལ་གྱི་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་རི་ཁུལ་བརྒལ་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛད་སྤྱོད་ཁྲོམ་རར་བསྐྱོད་ཐུབ་པའི་ཐབས་ལམ་གཏོད་པ་དང་། གཉིས་ནི་ཐོན་རྫས་འགྲེམ་འཚོང་དང་རིག་གནས་ཉམས་ལེན་བྱས་ཏེ“གནས་མཆོག་དཀར་མཛེས”དང་“ལྷ་གཡག་དཀར་མཛེས”ཀྱི་ཟོང་རྟགས་གཟུགས་བརྙན་ཁྱབ་རྒྱ་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་གཏོང་བར་ཐོན་ལས་ཀྱིས་སྒུལ་ཤུགས་་བསྣན་པ་ཡིན། གསུམ་ནི་དཀར་མཛེས་ཁུལ་གྱི་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་རེད།
མཐོ་སྒང་གི་ཐོན་རྫས་ཁྲེང་ཏུའུ་ལ་ཁྱབ།
འགྲེམས་སྟོན་ཁང་དེ་ནི་མཐོ་སྒང་ཐོན་རྫས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན། སྨི་གྲུ་བཞི་མ400ཙམ་གྱི་འགྲེམས་སྟོན་ལྟེ་གནས་དེ་ཐོན་རྫས་འགྲེམས་སྟོན་དང་། མཉམ་འགུལ་མྱོང་རོལ། ཞིམ་ཟས་མྱོང་རོལ་བཅས་ནུས་ཁུལ་ཆེན་པོ་གསུམ་དུ་དབྱེ་ནས་དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)18ནས་ཐོན་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས600ཙམ་འགྲེམས་སྟོན་བྱས་ཡོད། ཟས་བཅུད་ཕུན་སུམ་ཚོགས་པའི་ཟོག་ཤའི་ཐོན་རྫས་དང་ནས་ཀྱི་ཐོན་རྫས། བྲོ་ཞིམ་ལྷན་སྐྱེས་ཀྱི་བེ་ཤྭ་དང་རི་སྐྱེས་ཤ་མོ། ཉེན་མེད་བདེ་ཐང་ཅན་གྱི་སྐྱེ་ལྡན་མཐོ་སྒང་གི་ཞོག་ཁོག་དང་སྔོ་ཚལ། དྲི་ཞིམ་ལྷད་མེད་ཅན་གྱི་བཀྲུགས་ཇ་དང་། བྲོ་བ་ཁྱད་འཕགས་ཅན་གྱི་འབྲུ་རིགས་བག་ལེབ་སོགས་ལས་སྣོན་ཟས་རིགས་ཕུན་སུམ་ཚོགས་པ་འདུས།
སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱིས་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་པ་མངོན།
འགྲེམས་སྟོན་ལྟེ་གནས་བདེ་བླག་ངང་བཙུགས་པ་དེ་ནི་སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་དང་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་རོགས་རམ་ཐོབ་པ་དང་། དཀར་མཛེས་ཁུལ་གྱིས་སྤུས་ལེགས་ཐོན་རྫས་ཐོན་ཁུངས་དང་སྲིད་ཇུས་མཛུབ་ཁྲིད་མཁོ་འདོན་བྱས་པ་དང་། ཧྲོང་ལིའུ་ཆུས་ཀྱིས་བཙུགས་གནས་མཁོ་འདོན་བྱས་པ་དང་། ཆ་ཚང་ཞབས་ཞུ་བསྒྲུབས་པ། ཁྲོམ་ར་སྦྲེལ་མཐུད་སོགས་རྒྱབ་སྐྱོར་ཆེན་པོ་བྱས། འགྲེམས་སྟོན་ལྟེ་གནས་ཀྱིས་ཧྲོང་ལིའུ་ཆུས་གཅེས་སེམས་སྤྱི་གླིང་གི་རིག་གནས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་པོར་ཕྱིན་པ་དང། དེ་གའི་ཡུལ་མི་རྣམས་ཀྱི་སྤྲོ་གསེང་ལུས་སྦྱོང་བྱ་ཡུལ་གྱི་གོ་ཆོད་པ། མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ། ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་འགྲེམས་སྟོན་བྱེད་པ། ཐོན་ལས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་སོགས་ནུས་པ་ཆེན་པོ་ཐོབ་ཡོད་པ་རེད།། ( སྐལ་བཟང་རྒྱ་མཚོས་བྲིས།)
