国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་དངུལ་རྩ་གནད་སྨིན་ནུས་སྤྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོ་བྱུང་།

ན་ནིང་ནས་བཟུང་། རང་ཁུལ་གྱིས་སྲོག་ཤིང་ལྟ་བུའི་བྱེད་ཐབས་ཆེན་པོ་གསུམ་ལ་བརྟེན་ནས་དངུལ་རྩའི་ནུས་པ་འདོན་པའི་མ་ལག་བཙུགས་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དངུལ་རྩའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འགག་རྩའི་དམིགས་ཚད་མང་པོ་ཞིང་ཆེན་ཡོངས་ཀྱི་མདུན་དུ་སླེབས།

ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་གཞིའི་མཉམ་འགུལ་སྦྲེལ་མཐུད་ལམ་སྲོལ་འཛུགས་པར་དམིགས་ཏེ། “དངུལ་རྩའི་བློ་འདྲི་ས”ཡི་བརྒྱུད་རིམ་ཆ་ཚང་གི་ཞབས་ཞུ་ལག་ལེན་བསྟར་ཏེ། དྲྭ་ཐོག་དང་དྲྭ་འོག་གི་ལས་སྟེགས་ནས་མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་། 2025ལོར། ལས་གཞི་གཙོ་བོ25ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་སྒོར་དུང་ཕྱུར135.22ཐོབ་པ་དང་། “དངུལ་རྩ་སྦྲེལ་དཔོན”ལམ་ལུགས་གསར་གཏོད་བྱས་ནས་འབྲི་གཡག་དང་ནས་སོགས་ཁྱད་ལྡན་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། ཁུལ་ཡོངས་ཀྱི་རྨང་གཞི་སྒྲིག་བཀོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར92.92ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ34.3འཕར་བས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཆེད་དོན་བྱེད་སྒོ་སྤེལ་ནས་ཀུན་ཕན་དངུལ་བུན་ཆུང་བ་གཏོང་བའི་ཁྱབ་རྒྱ་ཆེ་རུ་བསྐྱེད་པ་དང་། ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ13.51འཕར་ཡོད། “དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ཐོག་མ”ཡིས་རིམ་རྩིས་བྱས་ན་ཁེ་ལས47དང་གན་རྒྱ་བཞག་པ་དང་དངུལ་བུན་སྒོར་དུང་ཕྱུར29.88བཏང་ཡོད། སྡེ་ཚན་བར་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ལས་གཏོད་ཁག་ཐེག་དངུལ་བུན་བཏང་ནས་གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱས་པ། “མཐོ་སྒང་འབྲུ་མཛོད་མཉམ་འབྲེལ་སྒྲིག་གཞི་དང་ཞིང་དུད། དངུལ་ཁང་བཅས་མཉམ་འདྲེས”ཀྱི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱས་ཏེ། འབྲེལ་ཡོད་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར63.88བཏང་ནས་ལས་གཉེར་བྱེད་པོ་དུད་ཚང་ཁྲི3.39ལ་ཕན་ཐོགས་ཡོད།

ལྗང་མདོག་ཁེ་ལས་ཀྱི་ལས་གཞིའི་མཛོད་བཙུགས་ཏེ། “ལྗང་མདོག་ནུས་ཁུངས་ཀྱི་དངུལ་བུན”སོགས་ཐོན་རྫས་གསར་དུ་གཏོད་པ་དང་། ལྗང་མདོག་ཁེ་དབང་གཏའ་འཇོག་འཚོལ་ཞིབ་བྱས་པ། 2025ལོའི་དུས་ཚིགས་གསུམ་པའི་དུས་མཇུག་ཏུ་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར293.32ཟིན་པ་དང་ཐཱན་འཕྲི་འབུད་ཀྱི་དངུལ་བུན་གཏོང་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས། “བདོ་དུས་འཛད་སྤྱོད་དངུལ་བུན”དང“གནས་ཚང་དངུལ་བུན”སོགས་ཐོན་རྫས་བཏོན་ཏེ། ཁྱོན་བསྡོམས་གསར་བརྗེའི་རིག་གནས་ཡུལ་སྐོར་ཁེ་ལས་དུད་ཚང120ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར10.35བཏང་ནས་འཛད་སྤྱོད་ཁྲོམ་ར་སླར་གསོ་དང་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱས་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)