ཆེད་ལས་མཁས་པས་སློབ་སྟོན་གནང་དོན། དགུན་ཁའི་དུས་སུ་གཤམ་གསལ་གྱི་དོན་ཚན་ལྔ་པོ་འདི་ལེགས་པར་སྒྲུབ་ཐུབ་ན། ཁྱེད་ཀྱི་ཀླད་པའི་ཁྲག་རྩ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
1.ཁྲག་ཤེད་ཚོད་འཛིན་ལེགས་པོ་བྱེད་དགོས།
དགུན་ཁ་གནམ་གཤིས་གྲང་ངར་ཆེ་བ་དང་། ཁང་པའི་ཕྱི་ནང་གི་དྲོད་ཚད་ལ་ཧེ་བག་ཆེ་བས། ལུས་ཀྱི་ཁྲག་རྩ་འཁུམ་པ་དང་། ཁྲག་རྒྱུན་གྱི་མྱུར་ཚད་དལ་དུ་འགྲོ་བ། ཡང་ན་ཁྲག་རྒྱུན་གྱི་སྤྱི་འབོར་ཉུང་དུ་ཕྱིན་ནས། ཀླད་པའི་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད། དེར་བརྟེན་ཁྲག་ཤེད་མཐོ་བའི་ནད་པ་རྣམས་ཀྱིས་རང་ཉིད་ཀྱི་ཁྲག་ཤེད་དེ130/80mmHgནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱས་ཏེ་མཇུག་འབྲས་ཚབས་ཆེན་མི་ཐོན་པ་བྱེད་དགོས།
2. དྲོད་སྲུང་ཡག་པོ་བྱེད་དགོས།
ཕྱིར་ཐོན་དུས་ཞྭ་མོ་གོན་ན་ལེགས།མགོ་བོར་དྲོད་སྲུང་བྱེད་པ་དེས་ལུས་ཀྱི་དྲོད་ཁོལ་ཉར་བ་དང་།ཁྲག་ཤེད་བརྟན་པོར་གནས་པ།ཁྲག་རྩའི་གནོད་སྐྱོན་ཆུང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད།
3.བཟའ་བཏུང་དོ་མཉམ་ཡོང་བ་བྱེད་དགོས།
གཟུགས་པོ་བདེ་ཐང་ཡོང་བར་བཟའ་བཏུང་གཙང་མ་དང་དོ་མཉམ་པ་ནི་ཤིན་ཏུ་གལ་ཆེ། སྔོ་ཚལ་དང་ཤིང་ཏོག་སོས་པ་མང་ཙམ་ཟ་བ་དང་། ཆུ་མང་ཙམ་བཏུང་ནས་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་དགོས།
4. དུས་བཀག་ལྟར་ལུས་རྩལ་རྩེ་དགོས།
ལུས་རྩལ་གྱི་ཤུགས་ཚད་ཆེ་དྲགས་རྒྱུ་མེད། སྤྱིར་བཏང་བར་མཚམས་འཇོག་པའི་དབྱང་རླུང་ལྡན་པའི་ལུས་རྩལ་ལམ་ཤུགས་ཚད་འབྲིང་བའི་དབྱང་རླུང་ལྡན་པའི་ལུས་རྩལ་རན་པོ་རྩེ་དགོས། ཐེངས་རེར་སྐར་མ30ནས50བར་དང་། གཟའ་འཁོར་རེར་ཐེངས3ནས5ཙམ་རྩེ་དགོས། དཔེར་ན། གོམ་པ་མགྱོགས་པོ་སྤོ་བ་དང་དལ་རྒྱུག་ལྟ་བུའོ།།
5. སྔ་ཉལ་སྔ་ལངས་དང་མཚན་མོ་འཕྱི་པོར་མི་སྡོད་པ།
མཚན་མོ་འཕྱི་པོར་སྡོད་པ་སོགས་འཚོ་བའི་གོམས་གཤིས་ངན་པ་ནི་ཁྲག་རྩའི“དགྲ་བོ” ལྟ་བུ་ཡིན། ཡག་ཤོས་བྱུང་ན་མཚན་མོའི་ཆུ་ཚོད23:00གོང་དུ་གཉིད་ཉལ་བ་ལས་མཚན་མོ་འཕྱི་པོར་སྡོད་མི་རུང་།།
( ཀུན་དགས་བསྡུས།)
