国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྒྱད་ཟིལ་རྫོང་གིས་གློག་རྡུལ་ཚོང་ལས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་དར་སྤེལ་གཏོང་།

ཉེ་ཆར། བརྒྱད་ཟིལ་རྫོང་ཐང་འགོ་གྲོང་རྡལ་བཟའ་བཅའ་ཕྱིར་ཚོང་ཁེ་ལས་ཤིག་གི་འཁོར་ཁང་དུ་དྲི་ཞིམ་ལྡན་པའི་ཕག་ཤ་མང་པོ་བཀལ་ཡོད་ཅིང་། ཁེ་ལས་ཐད་གཏོང་ཁང་གི་འགོ་གཙོ་ཡིས་དྲྭ་རྒྱའི་སྟེགས་བུ་བརྒྱུད་དེ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པར་དྲི་ཞིམ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ་དང་།མངགས་ཐོ་ཟམ་མི་ཆད་པར་ཡོང་བ་དེ་བརྒྱད་ཟིལ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་བརྒྱད་ཟིལ་རྫོང་གིས441འཕེལ་རྒྱས་འཐབ་ཇུས་ལ་བསྐུལ་བ་དང་།མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་དམིགས་ནས་སྲིད་གཞུང་གིས་སྟེགས་བུ་འཛུགས་པ་དང་།ཁེ་ལས་ཀྱིས་གཉེར་སྐྱོང།ཁྲོམ་རས་ཁྲིད་སྟོན་བཅས་ཀྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཤིང་།བཟའ་བཅའ་ཕྱིར་ཚོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་བརྒྱུད་དེ་ཐང་འགོ་གྲོང་རྡལ་སོགས་སུ་ཐོན་ལས་གསུམ་མཉམ་འདྲེས་དཔེ་སྟོན་གླིང་ཁུལ་བསྐྲུན་ནས་ས་ཞིང་ཐོན་ཁུངས་ལེགས་བསྡུས་ཞིབ་ཚགས་ངང་བེད་སྤྱོད་དང་།རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ།གླིང་ཁུལ་དང་སྣེ་ཁྲིད་ཁེ་ལས་འཕེལ་རྒྱས་བྱེད་སྟངས་སྤྱད་དེ་ཁེ་ལས་ཀྱིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྲོམ་ར་གསར་འབྱེད་ལ་བློ་རྩེ་གཅིག་ཏུ་གཞོལ་རྒྱུའི་ཁྲིད་སྟོན་བྱས་པ་རེད།སྤྱི་གཉེར་ཁང་དེས་གླིང་ཁུལ་གྱི་ལེ་ལག་བཟོས་པའི་བཤས་ར་དང་གྲང་སྦྲེལ་ཟོག་འགྲུལ།ཚད་ལྡན་ཅན་གྱི་ལས་སྣོན་རྟེན་གཞིར་བརྟེན་ནས་སྤྱི་གཉེར་ཁང་དང་རྟེན་གཞི་ཞིང་གྲྭའི་གསོ་སྤེལ་ཚུར་བསྡུའི་མ་ལག་བཙུགས་ནས་ས་གནས་དེ་གའི་སྤུས་ལེགས་ཕག་ཤའི་ལས་སྣོན་ཞིབ་ཚགས་བྱས།ད་སྔར་དྲྭ་ཐོག་ཕྱིར་ཚོང་བྱེད་པའི་ཐབས་ལམ་དེ་ཁྱད་ལྡན་ཐོན་རྫས་དང་རྒྱལ་ཡོངས་འཛད་སྤྱོད་པ་སྦྲེལ་མཐུད་བྱེད་པའི་ཟམ་པ་ལྟ་བུར་གྱུར་ཡོད།ཐད་གཏོང་ཁང་ནང་གཙོ་སྐྱོང་བྱེད་མཁན་ཚོས་གངས་ལྗོངས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱས་པ་དང་།མངགས་ཐོ་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་རྣམ་པ་ཞིག་ཏུ་ཆགས་ཡོད། འཕེལ་རྒྱས་གཏོང་སྟངས་དེ་རིགས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པར་བསྐུལ་བར་མ་ཟད།ཞིང་དུད་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་བརྒྱད་ཟིལ་རྫོང་གི་ཡུལ་སྡེ་དར་རྒྱས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་ལེན་ནུས་ལྡན་ཞིག་ཏུ་གྱུར་ཡོད།

ད་སྔར་དེང་རབས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་འགོ་འཛུགས་པ་དང་།2024ལོ་ནས2025ལོའི་བར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི1200ལ་ཟིན་ཞིང་།སྔོན་དཔག་བྱས་ན2026ལོར་སྒོར་ཁྲི2000ལས་བརྒལ་རྒྱུ་ཡིན་པས།ཞིང་དུད་སྟོང་ཕྲག་ཁ་ཤས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་ཕན་ནུས་ལྡན་པའི་སྐུལ་ཁྲིད་བྱས་ཡོད།

ཐད་གཏོང་ཁང་ནས་འཛད་སྤྱོད་པའི་ལག་ཏུ་འཕྲོད་པའི་བར་བདེ་བླག་ཡོང་བར་འགན་ལེན་བྱ་ཆེད།བརྒྱད་ཟིལ་རྫོང་གིས་ཕྱིར་འཚོང་དང་ཟོག་འགྲེམས་ཀྱི་འཇུར་མིག་ཐག་གཅོད་ཤུགས་ཆེན་བྱས་ཏེ་ཚོང་གཉེར་དང་སྦྲག་སྲིད་མཁོ་སྤྲོད་བྱེད་པའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ།ཕན་ནུས་ཆེ་ཞིང་སྟབས་བདེ་བའི་རྫོང་དང་གྲོང་སྡེ་རིམ་པ་གསུམ་པའི་ཟོག་འགྲེམས་མ་ལག་བཙུགས་པ་རེད།ཀྲུང་གོ་སྦྲག་སྲིད་བརྒྱད་ཟིལ་རྫོང་ཡན་ལག་སྐྱེལ་འདྲེན་ནུས་པ་བསྡུ་སྒྲིལ་བྱས་ནས་མྱུར་ཚད་མགྱོགས་སུ་གཏོང་བའི་སྦྲག་ལམ་ཤར་གཏོང་དང་།གྲོང་སྡེ་རིམ་པའི་ཞབས་ཞུའི་ས་ཚུགས་བསྐྲུན་པ་དང་།དམངས་གཉེར་མྱུར་སྐྱེལ་ཚོང་པ་མང་པོ་དང་མཉམ་ལས་བྱས་ཏེ་སྲིད་གཞུང་གི་ལེ་ལག་ཚང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཟོག་འགྲེམས་ཀྱི་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ་དང་ཐད་གཏོང་ཁང་ནས་ཡོང་བའི་མངག་ཐོ་ཚང་མ་གྲོང་སྡེ་ནས་གྲོང་ཁྱེར་དུ་མྱུར་སྐྱེལ་ཐུབ་པར་འགན་ལེན་བྱས།

ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ་དང་འབྲེལ་ཐག་ཧྲིལ་པོ་སྲུབས་མེད་ངང་སྦྲེལ་མཐུད་བྱེད་པའི་འཕེལ་རྒྱས་བྱེད་སྟངས་འདིས་བརྒྱད་ཟིལ་ཕག་ཤའི་སྤུས་རྟགས་ཐད་གཏོང་སོགས་ཐབས་ལམ་གསར་པ་བརྒྱུད་དེ་ལེ་དབར་ཁྲི་སྟོང་ལ་དྲི་ཞིམ་འཐུལ་བར་བྱས་ནས་མཐོ་སྒང་ས་ཁུལ་གྱི་དོན་དངོས་དང་མཐུན་པ་དང་།ཐོན་ལས་གསུམ་མཉམ་འདྲེས་གཏིང་ཟབ་གཏོང་བའི་ཐོན་ལས་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།།

( ཀུན་དགས་བྲིས།)