国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ལོ་བརྒྱད་ཀྱི་ཐེམ་སྐས་བགྲོད་མྱོང་བའི་དགེ་རྒན་དང་སློབ་གླིང་ཞིག་ཡིད་ལ་དྲན་པའི་མགྲིན་དབྱངས་རྐང་དྲུག་གཞོན་ནུའི་རྩེད་འཇོ།

མི་རྟག་མི་ཚེ་རྗེས་མེད་འཇའ་རྗེས་བཞིན་སྣང་བས།།

མི་འགྱང་མེད་འགྲོ་སྐྱུ་རུ་ལག་མཐིལ་ལྟར་ཡིན་པས།།

བསམས་ན་སྒྱུ་མའི་ཡུལ་ལ་འཁྲུལ་སྣང་གི་འཚོ་བ།།

སྐབས་རེར་དྲན་ན་དུས་ཀྱི་འགྱུར་བ་ལས་མ་འདས།།

དེའི་ཕྱིར་འདས་དོན་སྣང་བ་གཟུགས་བརྙན་དུ་བྲིས་ན།།

ལོ་ཆུང་བྱིས་པ་བཅུ་ཕྲག་གཅིག་གཉིས་ཤིག་བསྡུས་ནས།།

འདི་བདེ་གཏན་གྱི་ལམ་བཟང་འཚོལ་ཕྱིར་རང་དགོངས་ནས།།

དཀའ་སྡུག་ཉག་མ་ང་ཚོས་ཆེད་དུ་ཡང་བགྲང་མྱོང་།།

འཇིག་རྟེན་དངོས་པོ་གང་གིས་ཁུག་པ་རང་མིན་པའི།།

རྣམ་དག་བརྩེ་སེམས་གཙང་མས་བསྐྱང་ཚུལ་དེ་བསམས་ན།།

བདག་ལ་ཅུང་ཟད་ཐོབ་པའི་ཡོན་ཏན་དེ་ཕྲན་བུ།།

ཡོད་པ་ཁྱེད་ལས་མ་མཆིས་དྲིན་ལྡན་གྱི་དགེ་རྒན།།

གང་བྱས་ངེད་ཅག་ཐུགས་སུ་འཆིང་བ་རང་བསམས་ན།།

སྐུ་ལུས་ཐེངས་མང་དུ་མར་གཤགས་བཅོས་དེ་བྱས་རུང་།།

སྨན་བཅོས་ལེགས་འགྲུབ་བྱུང་ནས་རང་ས་རུ་བྱོན་དུས།།

བདག་ཅག་ཐུགས་བརྩེ་ཆེན་པོའི་བཀའ་གནང་དག་དྲན་སྐྱེན།།

ད་ལྟ་བསམ་པའི་ཡུལ་ལས་རིང་མོ་ཞིག་འདས་ཀྱང་།།

ཕྱིར་འདང་འོ་ཆུ་འདྲེས་པའི་དགེ་སློབ་དག་དྲན་ན།།

ཅང་མེད་དབུལ་བོ་ཡིན་ཡང་ངང་ཚུལ་དེ་བསམས་ན།།

ད་ལྟ་དྲན་པ་བསླངས་པའི་སྣོན་མ་རུ་གྱུར་འདུག།

དེང་སྐབས་ཡིན་མདོག་སྟོན་པའི་ངེད་ཅག་གི་ཚོགས་ལ།།

དོན་དུ་ཡོན་ཏན་འབྲས་བུ་སྤར་གང་ཡང་མ་མཆིས།།

ཅང་མེད་སྣང་བ་མཐོ་བའི་ཡུལ་ལུང་གི་དཔེ་ལྟར།།

ཆེ་ཚུགས་རྒྱ་མ་གང་ལས་ངོམ་རིན་ཞིག་མི་འདུག།

མེད་ཀྱང་ཡོད་མདོག་སྟོན་པའི་རྣམ་པ་དེ་མཛེས་ཀྱང་།།

ཀུན་གྱི་ངོར་ན་ཆེ་ཆེ་རྫིག་རྫིག་ལྟར་སྣང་ཡང་།།

ཚུལ་འཆོས་གར་མཁན་བདག་གི་ཚུལ་མིན་གྱི་སྤྱོད་པས།།

ཁྱེད་ཐུགས་སུན་པ་བྱས་པར་སྙིང་ཁོང་ནས་འཆགས་སོ།།

དེ་ལྟ་ན་ཡང་དྭངས་གཙང་བྱིས་བློ་ཡི་ངོས་སུ།།

བཀའ་སློབ་བདུད་རྩིའི་ཟེགས་མ་སྙིང་དབུས་སུ་བཅངས་ནས།།

ལེགས་ཚོགས་ཡོན་ཏན་ཕྲན་བུ་བདག་རྒྱུད་ལ་གོས་པ།།

གཞན་མིན་ཁྱེད་ཀྱི་གནང་ཡིན་དྲིན་དུ་རང་གོ་ཡོད།།

ད་ལྟ་ཁྱེད་སྐུ་སྙུང་གཞི་ཅི་འདྲ་ཞིག་ཐེབས་ཀྱང་།།

མཚམས་རེར་ཁ་པར་ཙམ་ལས་ཁམས་འདྲི་རེ་མ་གཏོགས།།

དུས་རྒྱུན་འབྲེལ་གཏུགས་ཙམ་ཡང་ཐུབ་ཀྱིན་རང་མེད་པས།།

གནོང་འགྱོད་ཆེན་པོས་རང་རྒྱུད་རང་གིས་ཀྱང་བརྙས་ཡོད།།

མི་ལོ་བརྒྱད་ཀྱི་གོང་རོལ་དྲན་ངོགས་སུ་རྒྱུ་བའི།།

འོ་བརྒྱལ་སྐུ་ཚེགས་གཏད་པའི་མ་རབས་ཀྱི་སློབ་བུ།།

རེ་རེ་གཉིས་ཙམ་མ་ཡིན་བཅུ་ཕྲག་ཅིག་ཁ་ཤས།།

བསྐྱང་བའི་ངང་ཚུལ་བསམས་ན་འོ་བརྒྱལ་ཞིག་གཏད་བཞག།

བསྟོད་དང་བཀུར་བས་ཁྱེད་ཐུགས་དགྱེས་པ་ཡང་མིན་པས།།

ཅུང་ཙམ་སྣང་བའི་ཡུལ་ལ་ཤར་ཆ་ཙམ་འབྲི་འདོད།།

ཁྱེད་སྐུའི་སྙུང་གཞི་ཉི་མ་སྤྲིན་ལས་རང་གྲོལ་བའི།།

སྔར་མེད་བདེ་ཐང་ཡོང་བའི་རེ་འདུན་ཀྱང་དེ་ལགས།།

༼ ལྕེ་མདུད།༽