国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་མགུར་ཆུ་མིག་ དགུ་སྒྲིལ།

འཇའ་སྤྲིན་འཁྱིལ་བའི་རི་ནས།།

དུང་གི་ཟླ་བ་ཚེས་བྱུང་།།

སྐྱབས་གཅིག་འཁོར་ལོའི་མགོན་པོའི།།

དགྱེས་ཞལ་ཡིན་ན་དགའ་བ།།

སྔོན་ཞིག་ངུར་སྨིག་མཚོ་མོ།།

ཡར་ཚེ་ཟླ་བ་རྒྱས་འདྲ།།

དེང་ཡང་རབ་བྱུང་རྡུལ་དམར།།

མཁའ་ལ་འཁྲིགས་ན་ཆོག་པ།།

གྲྭ་ཤག་གས་བསྲུབས་བར་ནས།།

གྲང་རེག་སྐྱི་བསེར་རླུང་བུ།།

དལ་བུ་དལ་བུར་ལྡང་ནས།།

ལུས་ལ་གཟན་པོ་བྱས་བྱུང་།།

དགུན་དཔྱིད་འདྲེས་མའི་དུས་ལ།།

གཤོག་ཟུང་དྲོན་མོའི་འོག་གི།།

ང་ཅག་མིང་སྲིང་བྱེའུ་ཆུང་།།

རི་ལ་འདེད་གྲབས་མ་མཛད།།

ལ་ཁའི་དར་ལྕོག་དམར་པོ།།

རླུང་བུས་ཁས་ཀྱིས་ཟད་བྱུང་།།

ང་དང་མཆེད་ལྕམ་བྱམས་བརྩེ།།

འབྱུང་བཞིས་འཇིག་ཐབས་མི་འདུག།

ཁེར་རྐྱང་འཚོ་བའི་མིག་ཆུ།།

རང་ཉིད་གཅིག་པུས་མྱོང་ཆོག།

ལས་ཀྱིས་སྦྲེལ་བའི་མུ་ཁྱུད།།

གཏོར་ན་སྙིང་ལ་གཟན་པ།།

འཕྲུལ་སྒུལ་རླངས་འཁོར་སྐད་སྒྲ།།

ཐོས་འཛིན་ཡུལ་དུ་གྲག་སོང་།།

ག་ལེར་ག་ལེར་རྒྱང་རིང་།།

རི་བོའི་ཕག་ལ་ཡིབ་འདྲ།།

བལྟས་ན་མིག་ཆུ་ཤམ་ཤམ།།

མ་བལྟས་སྙིང་ཆུང་འདར་འདར།།

ལྟ་དང་མི་ལྟའི་བར་ནས།།

སེམས་པ་སྨྱོ་གྲབས་མཛད་འདུག།

ཡར་བལྟས་རྫ་རིའི་འདབས་ན།།

ཁུ་བྱུག་གསུང་སྙན་ལྷང་ལྷང་།།

འདས་དོན་སེམས་ལ་ཤར་ནས།།

མིག་ཆུའི་སྦྲང་ཆར་ཟིམ་ཟིམ།།

བུ་ངའི་ཡིད་འཛིན་ལྷ་མོ།།

ཐར་བའི་ཆོས་ལ་མ་ཕྱོགས།།

གྱེས་ཕྱག་ཕུལ་བའི་ཕྱོགས་སུ།།

འགྱེལ་མ་ལང་གིས་ཤོར་སོང་།།

ཀུན་གསལ་རྒྱུ་སྐར་ཁྲ་མོས།།

འབྲལ་ཁའི་ལས་འདི་མཐོང་བས།།

སྨྲེང་བ་སེམས་ལ་མ་ཤོང་།།

སྐུ་ལུས་འདར་སིག་བརྒྱབ་བྱུང་།།

དཔྱིད་ཀྱི་དཔལ་མོ་རྒྱས་དུས།།

དུང་སེམས་མུ་ཏིག་འཐོར་བ།།

དབྱུག་འཛིན་སྒེག་མོས་མ་ཐེག།

ས་ཆེན་ཡང་ཡང་འགུལ་འདུག།

ཁྱོད་ལ་རང་དབང་ཡོད་ཅིང་།།

ང་ལ་ལས་དབང་ཡོད་ན།།

འདབ་དྲུག་ལུང་པ་འདི་ནས།།

ཚེ་རྟིང་ཆོས་ལ་གཏོང་འཇོག།

ཤི་ནས་འབྲལ་བ་ཆོས་ཉིད།།

མ་འབྲལ་ལུས་སེམས་གྱེས་པ།།

རྡོ་ལྕགས་ཚེར་མ་ཡིན་ཀྱང་།།

དངན་པ་ཐང་ཅིག་ཤོར་འདྲ།།

ཚེ་གཅིག་ཆོས་ལ་བསླབས་ཀྱང་།།

འབྲལ་ཁ་སྙིང་རླུང་ལྡང་བ།།

སེམས་པ་ཆོས་སུ་མ་སོང་།།

བག་མེད་ལུས་པའི་མཚན་རྟགས།།

ཆོས་དང་དམ་ཚིག་མདུད་པ།།

མཉེན་མོའི་ལྕགས་ལ་མ་བཏབ།།

སོ་སོའི་དམར་ཆུང་སེམས་ལ།།

མི་ཤིགས་དགུ་མདུད་བརྒྱབས་ཡོད།།

ས་དེ་བྲག་ཆུང་ལུང་པ།།

ཆུ་དེ་བྲག་ཆུ་ཕྲ་མོ།།

སྐྱོ་སྐྱོའི་གཞས་ཆུང་ལེན་རོགས།།

སེམས་ཀྱི་མི་དེ་ཡིན་འདྲ།།

ཆུ་ལྷའི་མཚམས་སྤྲིན་ལི་མར།།

མིག་ཟུང་གཏད་པ་མ་གནང་།།

འཛུམ་ཆུང་མིག་ཟུར་འདབས་ནས།།

མིག་ཆུའི་ཐིགས་པ་འཛགས་ཡོང་།།

སེམས་པ་སྨྲེང་བའི་དུས་སུ།།

སྙིང་གཏམ་སྤྲིན་པར་ཤོད་དང་།།

སྤྲིན་པ་འདི་རུ་སླེབས་དུས།།

འཕྲིན་ལན་སླར་ཡང་སྐུར་ཆོག།

སྐྱོ་སྣང་ལ་ཁའི་ན་བུན།།

སྙིང་ཆུང་མཁའ་རུ་འཐིབས་ན།།

རེ་ལྟོས་གཞན་ལ་མ་བཅའ།།

སེམས་པ་འདི་རུ་སྐོར་ཤོག།

ས་མཐའི་མི་ཡི་དགོད་སྒྲ།།

ནང་མིའི་དམོད་ཚིག་ལས་ཀྱང་།།

ལུས་དང་སེམས་ལ་གཟན་པས།།

སྐྱིད་སྡུག་ནང་ལ་ཞུས་ཤོག།

ཇོ་ཇོའི་ནུས་པ་ཡོད་ཚད།།

ཁྱོད་ཀྱི་ཕྱོགས་སུ་ཕུད་འཇོག།

ཁྱེད་ཅག་བདེ་སྐྱིད་འཛོམས་ན།།

རང་ལ་ཅི་བྱས་ཆོག་གོ།།

༼ སྟོང་ཡིག་མདའ།༽