国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནམ་ཞིག་འུ་ཅག་གྱེས་དགོས།

ལས་དབང་གིས་བསྐོས་ཐང་དུ་མེ་ཏོག་གིས་ས་བོན་བཏབ་ཀྱང་། ཆོས་ཉིད་ཀྱི་ལྗོན་ཤིང་འགོར་དངུལ་དཀར་གྱི་ཁ་བ་བབས། ཚེ་སྲོག་གིས་སྐྱེ་འཕོ་ལ་ཕྲ་རགས་ཀྱི་རྣམ་འགྱུར་བསྟན། མི་ལུས་ཉམ་ཆུང་ཞིག་མ་རིག་མུན་པ་ཡི་འཆིང་རྒྱ་ལས་གྲོལ་ཏེ་རྣམ་པར་ཤེས་འཛིན་གྱི་གཟུགས་ནུས་སུ་གྲུབ། སེམས་འཛིན་འདུ་ཤེས་ཀྱིས་ཁ་ལོ་བསྒྱུར་ནས་འཁོར་བའི་ཐང་ཆེན་དུ་རྟ་ཕོ་བཞིན་བརྒྱུགས་ཀྱང་། ཚོར་བའི་དགའ་སྡུག་གི་རྦ་རླབས་ངོགས་ནས་སྡུག་ཡུས་ཀྱི་ཤུགས་རིང་འབྱིན་ཞོར་ལམ་ལ་ཆས་དགོས། ངུ་ངག་གི་དབྱངས་རྟ་མི་ཡུལ་ཏུ་བཞག་ནས་ས་ཆེན་གྱི་པང་དུ་ལྟེ་ཁྲག་གི་ཐིག་ལེ་གཏོར། ཅ་ཙེ་གོམ་ཙེའི་འཚར་ལོངས་ཀྱི་གོམ་སྟབས་བསྒྱུར་ནས་ནར་སོན་གྱི་ལོ་ཟླ་སྣུམ་པོ་ཞིག་དང་གཏམ་རྒྱུད་ཀྱི་བྱུང་རིམ་སྐྱུར་བོ་ཞིག་དང་ལྷན་དུ་ནར་སོན།

མངར་ལ་སྐྱུར་བའི་ལོ་ཟླའི་ཁྲོད་ས་རྡུལ་གྱི་ཀློང་ནས་ཆེས་དྭངས་ཤིང་གཙང་བའི་རྩེད་རོགས་དག་དང་མཉམ་ཏུ་རྩེད་ཆས་ནོར་བུ་རུ་བསྒོམས་ནས་ནར་སོན་གྱི་ལོ་ཟླ་ཞིག་གི་བརྒྱུད་རིམ་བྱུང་། འགན་འཁུར་དང་འདུ་ཤེས་མེད་ལ་ཕུགས་བསམ་དང་རེ་བའང་ཆེན་པོ་མེད། རྩེད་རོགས་དག་དང་མཉམ་ཏུ་རྩེ་རྒྱུ་རེ་བྱུང་ན་རེ་བ་དེ་ལས་ཆེན་པོ་ཞིག་མི་འདུག།

དེ་དུས་ཀྱི་ང་ཚོ་ལྷད་མེད་དྭངས་གཙང་གི་བསམ་བློ་ཡང་དག་ཅིག་རྒྱུད་དུ་མཆིས་ཀྱང་། བསམ་བློ་དྭངས་གཙང་། མི་གཤིས་དྭངས་གཙང་།

ཡོད་ཚད་དྭངས་ཤིང་གཙང་བའི་མི་བུ་དག་དག་ཡིན་ལ་ནག་ནོག་གི་དྲི་མས་སྦག་མི་འདུག། དུས་རབས་ཀྱི་ཁ་ཕྱོགས་ཡིན་ནམ་མི་གཤིས་ཀྱི་འགྱུར་ལྡོག་ཡིན། སྐལ་བ་འདི་གློ་བུར་དུ་འཇའ་ཚོན་བཞིན་ཡལ་སོང་། བརྩེ་བ་དེ་གློ་བུར་དུ་ས་རྡུལ་ཁྲོད་འཐིམ་སོང་། བཙལ་ན་འཚོལ་སྙེག་མེད་པའི་ལོ་ཟླ་གླེང་ན་རྒ་རྒྱུ་མེད་པའི་བརྩེ་བ།

འུ་ཅག་ནི་འཇིག་རྟེན་འདིའི་པང་དུ་སླེབས་པའི་སྐད་ཅིག་གི་མགྲོན་པོ་ལྟ་བུ་ཡིན། ཕན་ཚུན་ལ་སྡང་སེམས་ཀྱིས་སེམས་ངན་བཅང་དགོས་མེད་ལ། ཁ་ཡག་ཡག་དང་ཁོག་རྩུབ་རྩུབ་ཀྱིས་བསླུ་བྲིད་ཀྱང་གཏང་དགོས་དོན་མེད། རང་རང་ལ་ལས་དབང་གིས་བཀོད་པའི་ལམ་བུ་རེ་ཡོད་སྲིད་པས་ལངས་ཞོར་འགྱེལ་ཞོར་མདུན་བསྐྱོད་ཀྱི་གོམ་སྒྲ་རྒྱང་ལ་བསྒྱུར་དགོས། འུ་ཅག་གང་ཞིག་ནས་སླེབས་པ་སུས་ཀྱང་ཚོར་དཀའ་ལ་ད་ནི་གང་ཞིག་ལ་འགྲོ་དགོས་བའང་སུས་ཀྱང་ཚོར་དཀའོ། །

ནམ་ཞིག་འུ་ཅག་གྱེས་དགོས། ཡོད་ཚད་བཏང་སྙོམས་སུ་བཞག་ནས་འུ་ཅག་གྱེས་དགོས། ཡོད་ཚད་ལ་ཞེན་ཆགས་མེད་པར་འུ་ཅག་གྱེས་དགོས། རྒྱང་རིང་རྒྱང་རིང་ལ་སྨོན་ལམ་བཏབ་ནས་གྱེས་དགོས། འུ་ཅག་གྱེས་བའང་གློ་བུར་གློ་བུར་བ་ཞིག་ཡིན་མི་འགྲོ།། ༼ གངས་ཐིགས།༽