国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐང་ག་ཁྲོད་དུ་ཡོད་པའི་གསར་བརྗེའི་དྲན་ཤེས་ཞེས་པའི་ནམ་མཁའ་རྒྱན་ཐང་ག་གསར་གཏོད་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་ཁང་ནས་སྤེལ།

ཉེ་ཆར། ཐང་ག་ཁྲོད་དུ་ཡོད་པའི་གསར་བརྗེའི་དྲན་ཤེས་ཞེས་པའི་ནམ་མཁའ་རྒྱན་ཐང་ག་གསར་གཏོད་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་ཁང་ནས་སྤེལ་བ་རེད། འགྲེམ་སྟོན་དེ་ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་ཁང་དང་དཀར་མཛེས་ཁུལ་ཨུ།ཁུལ་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།བྲག་མགོ་རྫོང་ཨུ་དང་རྫོང་སྲིད་གཞུང་།ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཨུ་དང་ཆུས་སྲིད་གཞུང་སོགས་སྡེ་ཁག་གིས་སྒྲུབ་འགན་འཁུར་བ།རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ནམ་མཁའ་རྒྱན་གཙོ་བོ་བྱས་ཏེ། གསར་བརྗེ་དང་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཟུང་དུ་སྦྲེལ་བའི་དམར་དམག་རྒྱང་སྐྱོད་ཁམས་ཁུལ་དུ་ཡོད་པའི་ལོ་ཟླ་དང་རྒྱ་བོད་མཛའ་བརྩེ་མཚོན་པ་དང་།རྒྱང་སྐྱོད་ལས་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་ལེགས་སྐྱེས་སུ་འབུལ་བ་རེད།

འགྲེམ་སྟོན་མཛད་སྒོར་ཚོགས་ཞུགས་མགོ་ཁྲིད་ཀྱི་ཤིས་ཚིག་ནང་བསྟན་དོན། བྲག་མགོ་རྫོང་ནི་ཐང་ག་སྒྱུ་རྩལ་གྱི་དར་ཡུལ་དང་དམར་དམག་རྒྱང་སྐྱོད་བྱ་ཡུལ་ཡིན་པས། ལོ་ངོ400ལྷག་གི་ལོ་རྒྱུས་ཡོད་པའི་ནམ་མཁའ་རྒྱན་ཐང་ག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་ཀྱི་ནོར་བུ་དང་རིག་གནས་ཀྱི་འབྲེལ་ཐག་ཡིན་ལ། དམར་དམག་རྒན་གྲས་ཀྲང་མེན་གྱི་བུ་ཀྲང་ཞའོ་ཁྲོན་གྱིས་ཡུལ་དངོས་ནས་ཨ་ཕའི་ཕྱག་བྲིས་ལེགས་སྐྱེས་སུ་འབུལ་བ་རེད།

འགྲེམ་ཁང་དུ་ཐང་ག་སྤུས་ལེགས60ལྷག་ཡོད་པ་དང་ཚན་པ་ཆེན་པོ་ལྔའི་ཐོག་ནས་ལོ་རྒྱུས་ཀྱི་དེབ་ཤོག་རིང་པོ་འགྲེམ་སྟོན་བྱས།འགྲེམ་སྟོན་བདེ་བླག་ངང་གཉེར་བ་དེ་ནི་ཁྲེང་ཏུའུ་ཅིན་ཅང་ཆུས་དང་བྲག་མགོ་རྫོང་གཉིས་ཀྱིས2012ལོ་ནས་བཟུང་རིག་གནས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པའི་གྲུབ་འབྲས་ལས་ཐོབ་པ་ཡིན་ཞིང་། ས་གནས་གཉིས་ཀྱིས་བྱེད་སྟངས་སྣ་མང་བརྒྱུད་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་གྱི་དཀའ་གནད་ཐག་གཅོད་ཅིང་། བརྒྱུད་འཛིན་དང་གསོ་སྦྱོང་།ལས་ཞུགས་ལ་བརྟེན་ནས་ཐོན་ལས་མ་ལག་བསྐྲུན་ཏེ་ནམ་མཁའ་རྒྱན་ཐང་གའི་གསོན་ཉམས་བརྒྱུད་འཛིན་ལ་སྒུལ་ཤུགས་བསྣན་ཡོད།

འགྲེམ་སྟོན་གྱི་ཉིན་དེར་ཐང་ག་ཁྲོད་དུ་ཡོད་པའི་གསར་བརྗེའི་དྲན་ཤེས་ཞེས་པའི་རིག་གཞུང་སྤེལ་རེས་བཞུགས་མོལ་ཚོགས་འདུ་དུས་མཉམ་དུ་འཚོགས་པ་དང་། ཚོགས་ཞུགས་ཀྱི་ཆེད་མཁས་པ་དང་མཉམ་དུ་གསར་བརྗེའི་གཟུགས་མེད་རིག་གནས་ཤུལ་བཞག་གསར་གཏོད་བརྒྱུད་འཛིན་བྱེད་པའི་ཐབས་ལམ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད། འགྲེམ་སྟོན་བྱེད་རིང་ད་དུང་བརྒྱུད་འཛིན་པའི་ལག་རྩལ་འགྲེམ་སྟོན་དང་རྒྱང་སྐྱོད་ལོ་རྒྱུས་འཆད་ཁྲིད་སྤེལ་ནས་རིག་གནས་བརྒྱུད་འཛིན་ལ་གསོན་ཤུགས་གསར་པ་བསྣན་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)