སྤྱི་ཟླ་དང་པོའི་ཚེས14ནས་ཚེས15ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་བྲག་མགོ་རྫོང་དང་རྟའུ་རྫོང་། རོང་བྲག་རྫོང་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལེགས་ཆ་གསར་པ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་མྱུར་མོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་རི་མོ་གསར་པ་ཧུར་ཐག་འབྲི་དགོས་ཞེས་གསུངས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བརྟག་ཞིབ་ནང་ཞུགས་ཡོད།
ཀྲའོ་པོ་ཡིས་སྔ་ཕྱིར་བྲག་མགོ་རྫོང་གི་ལྷ་གཡག་དཀར་མཛེས་གནག་ཕྱུགས་ཐོན་ལས་གླིང་དང་རྟའུ་རྫོང་དཔལ་སྨད་ཡུལ་མིའི་གནས་ཚང་། བྲག་མགོ་ནས་དར་མདོ་བར་གྱི་ལུང་བསྟན་ཕྱོགས་བསྡུས་ལས་གཞི་དང་།རོང་བྲག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། བྲག་མགོ་དགོན་པ། རྟའུ་རྫོང་གི་ཉི་མཚོ་དགོན་པ་བཅས་སུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་ཞིབ་ཚགས་གནང་བ་རེད།
བརྟག་ཞིབ་གནང་རིང་ཀྲའོ་པོ་ཡིས་བྲག་མགོ་རྫོང་དང་རྟའུ་རྫོང་། རོང་བྲག་རྫོང་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་རེད། ཁོང་གིས་རྫོང་གསུམ་གྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་དམ་འཛིན་དང་། རིག་གནས་ཡུལ་སྐོར་དང་ནུས་ཁུངས་གཙང་མ། ཁྱད་ལྡན་ཞིང་འབྲོག་བཅས་ཀྱི“དོན་ཆེན་གསུམ”མུ་མཐུད་དུ་ཡག་པོ་བསྒྲུབས་ནས་མགྱོགས་སྒྲུབ་དང་དངོས་སྒྲུབ།དཀའ་སྒྲུབ།སྒྲུབ་མཁས་བཅས་དཔའ་ངར་ཞུམ་མེད་ཀྱི་རྣམ་འགྱུར་ཐོག་ནས་བབ་བསྟུན་མདུན་སྐྱོད་དང་རྗེས་སྙེག་མཆོང་བརྒལ་ཐུབ་པར་བྱས་ཏེ། ལས་གཞི་ཆེན་པོ་དང་ལས་གཞི་ཡག་པོ་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནང་འཇུག་དགོས། སྦག་མེད་གཤོ་བསྒྱུར་ལ་སྐུལ་འདེད་དང་སྦག་མེད་རིན་ཐང་འདོན་པའི་གོམ་སྟབས་མགྱོགས་སུ་བཏང་ནས་ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམངས་འཚོ་བདེ་སྐྱིད་རྒྱུན་སྲིང་ལེགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་འཆར་གཞི་དེ་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་དགོས་ཞེས་ཐུགས་རེ་གནང་བ་རེད།
ཁུལ་མགོ་ཁྲིད་ཡིའུ་ཞང་ཧྥེ་དང་། ཁྲེན་པོ་ཐའོ། ཝང་ཤིན་ཆོན། དགེ་ལེགས་རྡོ་རྗེ། བྲག་མགོ་རྫོང་དང་རྟའུ་རྫོང་། རོང་བྲག་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
