ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཁྱད་ཆོས་འབུར་དུ་ཐོན་པའི་ཁམས་བྱང་གི་གྲོང་ཁྱེར་འདིར་སྔར་བྱུང་མ་མྱོང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཉེ་བའི་ལོ་ཤས་རིང། དཀར་མཛེས་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཁུལ་ཁོངས་ཀྱི་ལྟེ་གནས་ཟུར་པའི་གྲོང་ཁྱེར་འཛུགས་པར་དམིགས་ནས་འཆར་འགོད་ཀྱི་རྩ་དོན་དང་རྨང་གཞི། ཐོན་ལས། དོ་དམ་བཅས་གཙོ་བོར་འཛིན་པ་མཐའ་འཁྱོངས་ནས་ཤུགས་ཡོད་རྒུས་གངས་རིས་བསྐོར་བའི་ཆུ་ཚན་འདམ་ར་དང་།གནས་འཕྲོད་ལས་འཚམ། མཛེས་སྡུག་ཉེན་མེད་བཅས་ཀྱི་གྲོང་ཁྱེར་སྐྲུན་བཞིན་ཡོད།
དཀར་མཛེས་རྫོང་གི་ཁུལ་ཁོངས་ལྟེ་གནས་ཟུར་པའི་གྲོང་ཁྱེར་སྐྲུན་པའི་འཕེལ་རྒྱས་རྣམ་པ་ནི་མཛེས་སྡུག་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ཞིག་དང་མཚུངས་ཤིང་། འདས་ཟིན་པའི་ལོ་གཅིག་ནང་། ལྟེ་གནས་ཟུར་པའི་འཛུགས་སྐྲུན་ཆ་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་རྫོང་མཁར་འཛུགས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6.71སླེབས་པ་དང་། གནམ་གྲུ་ཐང་ལམ་ཆེན་གྱི་སྣུར་སྲིང་ལམ་ཐིག་དང་ཁམས་པའི་ལམ་ཆེན་བྱང་རྒྱུད་དུམ་མཚམས་སོགས་གྲོང་གསར་གྱི་གཞུང་ལམ་གཙོ་བོ་བསྐྲུན་ཟིན་ལ། གྲོང་མཁར་རྙིང་པའི་ཁྲོམ་གཞུང་བསྒྱུར་བཀོད་ཕྱོགས་ཡོངས་ནས་སྤེལ་བ་དང་། “འཕྲེད་བདུན་དང་གཞུང་བཅུ་གཅིག”གི་གྲོང་སྲིད་འགྲོ་ལམ་གྱི་རྣམ་པ་ཧ་ལམ་གཞི་ཆགས་པ་རེད། ད་སྔར། རྫོང་མཁར་གྱི་དྲོད་གཏོང་ས་ཁུལ་སྨི་གྲུ་བཞི་མ་ཁྲི19མངོན་འགྱུར་བྱུང་བ་དང་། དབྱང་མཁོ་འདོན་གྱི་ཚོད་ལྟའི་ལས་ཀར་སྐུལ་བཞིན་ཡོད།
དཀར་མཛེས་རྫོང་གིས《གཅིག་གྱུར་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོའི་ཁུལ་ཁོངས་ལྟེ་གནས་ཟུར་པ་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་ཆོད་དོན》གཏན་འབེབས་བྱས་པ་བརྒྱུད་ནས“ཁམས་བྱང་གི་མུ་ཏིག་དང་། རྣམ་བཀྲ་ཡི་ཞིང་ཁམས”ཀྱི་གྲོང་ཁྱེར་གྱི་གནས་འཁེལ་དང“ལྟེ་གནས་གཅིག་དང་། ཟུར་པ་གཉིས། གནད་ས་གསུམ། གྲོང་རྡལ་གྲགས་ཅན་མང་བ”བཅས་ཀྱི་བར་སྟོང་གྲུབ་ཚུལ་གཏན་འཁེལ་བྱས་པ་རེད། མི་འབོར་ནང་འདྲེན་བྱ་རྒྱུ་དེ་ལྟེ་གནས་ཟུར་པ་འཛུགས་པའི་གཙོ་བོའི་བརྟེན་ས་འཛིན་པར་མཐའ་འཁྱོངས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི3.1ལ་སླེབས་པ་དང་། སྡོད་ཁུལ70ལ་སླེབས་ཡོད། ཆུ་མཁོ་འདོན་དང་ཆུ་འབུད་པའི་སྦུག་ལམ་དྲྭ་བ་སྤྱི་ལེ74གསར་བསྐྲུན་དང་བསྒྱུར་བཀོད་བྱས་པ་དང་། ས་འོག་ཏུ་གློག་ཐག་སྤྱི་ལེ6.85ཁྲིད་པ། ཆུ་བཟོ་གྲྭ་གཉིས་པ་དང་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད4བསྐྲུན་ཡོད།
གྲོང་ཁྱེར་འཛུགས་སྐྲུན་དང་། སློབ་གསོ་དང་སྨན་བཅོས་འགན་ལེན། སྤྱི་པའི་ཞབས་ཞུ། གྲོང་ཁྱེར་བཅོས་སྐྱོང་། གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད། དཀར་མཛེས་རྫོང་གིས་ཁུལ་ཁོངས་ལྟེ་གནས་ཟུར་པའི་གྲོང་ཁྱེར་འཛུགས་པའི་དམིགས་ཡུལ་ལ་གཞིགས་ནས་ཤུགས་ཡོད་རྒུས་ཕྱོགས་ཡོངས་འཛུགས་སྐྲུན་བྱེད་བཞིན་ཡོད།
སློབ་གྲྭ12བསྐྲུན་ཚར་པ་དང་། སློབ་གནས3140གསར་དུ་བསྣན་པ། སློབ་གྲྭར་ཞུགས་པའི་སློབ་མ་ཁྲི1.58ལ་ཟིན་པ། ལོ་ལྔའི་རིང་རྫོང་གཞན་གྱི་སློབ་མ་ཁྲི1.5བསྡུས། མྱུར་བཅོས་མྱུར་སྐྱོབ་ཀྱི“ལྟེ་གནས་ལྔ”བསྐྲུན་ཟིན་པ་དང་། ཁུལ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག6བཙུགས་པ། སྨན་བཅོས་ཉལ་ཁྲི400ལྷག་གསར་དུ་བསྣན་པ། སྐབས་བཅོས་ཁང་གི་ནད་བསྟན་མི་གྲངས་ཁྲི18.7ལ་ཟིན་པ། རྒན་རྒོན་བདག་སྐྱོང་ཁང་དང་། རྒན་རྒོན་ཞབས་ཞུའི་ལྟེ་གནས། སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། དམངས་ཡོངས་ལུས་སྦྱོང་ལྟེ་གནས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་ཁྱོན་ཡོངས་ནས་བསྐྲུན་ཚར་བ་དང་། ཁུག་མའི་སྤྱི་གླིང་ལས་གཞི3རེ་ཞུས་ལེགས་གྲུབ་བྱུང་བ་དང་། 《གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ཐད་ཤུགས་རྒྱག་པའི་ལག་ལེན་བསམ་འཆར》གཏན་འབེབས་བྱས་ཏེ། མཛེས་པའི“ཞིང་སྡེའི་ཚད་ཐིག”སོགས་དོ་དམ་ཚོད་འཛིན་གྱི་ཚད་ཐིག་དྲུག་གསལ་པོ་གཏན་འཁེལ་བྱས་པ་དང་། “གསུམ་མེད”སྡེ་ཁུལ11བཅོས་སྐྱོང་བྱུང་བ་དང་། རིག་ནུས་རླངས་འཁོར་འཇོག་སའི་དོ་དམ་མ་ལག་གྲུབ་པ་དང་། གྲོང་ཁྱེར་ཟུར་འགྲམ་གྱི་སྲང་ལམ20ལྷག་ཞིབ་ཚགས་བཅོས་སྐྱོང་བྱས།
སྔར་ལས་འཛད་སྤྱོད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ལྟེ་གནས་ཟུར་པའི་རིག་གནས་ཡུལ་སྐོར་གྱི་ཚོང་ལས་སྣ་མང་མཉམ་འདྲེས་ལ་སྐུལ་བ། དཀར་མཛེས་རྫོང་གིས་གེ་སར་མཁར་གྲོང་ལྟེ་བར་བྱས་པ་དང་བཅིངས་འགྲོལ་ཁྲོམ་ལམ་དང་ཁྲོན་བོད་ལམ་གཉིས་གཙོ་ལམ་དུ་བྱས་པའི་ཚོང་ལས་ལྟེ་བ་གསོ་སྤེལ་ཧུར་ཐག་བྱས་ཏེ། ཁུལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་ལས་ཉོ་ཚོང་ལྟེ་གནས་ཐོག་མར་བསྐྲུན་ཏེ། གཙོ་གནད་ཁེ་ལས12ནང་འདྲེན་བྱས་པ་དང་། ལམ་ཁའི་ཚོང་བཤམས185འཆར་འགོད་བྱས་པ། ལས་ཞུགས་རོགས་རམ་བཟོ་ཁང12བསྐྲུན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས2193གསར་དུ་བསྣན་པ། རྫོང་ཡོངས་སུ་ཁྲོམ་རའི་བྱེད་པོ927ལོན་པ་དང་། མི་ཁྲི1.2ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ། ལྟེ་གནས་ཟུར་པའི་ནང་འདྲེན་གྱི་ཕན་འབྲས་སྔར་ལས་མངོན་པ་དང་སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།
2025ལོར། དཀར་མཛེས་རྫོང་གིས་བརྟན་རླིང་གིས་ཁུལ་ཁོངས་ལྟེ་གནས་ཟུར་པའི་གྲོང་ཁྱེར་བསྐྲུན་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དང་། 2026ལོར། དཀར་མཛེས་རྫོང་གིས་མུ་མཐུད་དེ་ཁུལ་ཁོངས་ལྟེ་གནས་ཟུར་པའི་གྲོང་ཁྱེར་ཧུར་ཐག་གིས་བསྐྲུན་ཏེ་སྔར་ལས་གྲུབ་འབྲས་ཆེན་པོ་ལོན་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
ལོ་གསར་པའི་ནང་། དཀར་མཛེས་རྫོང་གིས་གེ་སར་མཁར་གྲོང་དང་། དགོན་པའི་ཞབས་གནའ་བོའི་མཁར་གྲོང་། འདུས་འཛོམས་ཆུ་ཚན་གྲོང་། ཁྲོན་བོད་ཚོང་ལས་གྲོང་། ཁམས་བྱང་སློབ་གསོ་གྲོང་བཅས“གྲོང་ལྔ་གཞི་གཅིག”གི་ལས་རྣམ་བཀོད་པ་མཐའ་འཁྱོངས་ཏེ། མི་འབོར་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཚོང་དོན། ཟོང་འགྲུལ། དངུལ་རྩ། ཞིང་འབྲོག་ཐོན་ལས། འགྲིམ་འགྲུལ་བཅས་གཙོ་བོའི་དམིགས་འབེན་བརྒྱད་འཛུགས་པར་དམིགས་ཏེ་འཕེལ་རྒྱས་འཆར་འགོད་བརྟན་སྲུང་དང་། ཚད་གཞི་མཐོན་པོས་མཛེས་སྡུག་འཚོ་སྐྱིད་ཀྱི་གྲོང་ཁྱེར་འཛུགས་པ། སྤུས་ཚད་མཐོན་པོའི་སྒོ་ནས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་།དོ་དམ་ཞིབ་ཕྲས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བཞིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་རྫོང་གིས“མཐོ་སྒང་ལྗང་མདོག་གི་ཐོན་ལས་གྲོང་ཁྱེར་དང་། གངས་རི་སྐྱེ་ཁམས་ཀྱི་རིག་གནས་ཡུལ་སྐོར་གྲོང་ཁྱེར། རིག་ནུས་འཚོ་སྐྱིད་ཀྱི་ཡིད་འཕྲོག་གྲོང་ཁྱེར”བཅས་ཀྱི་འཕེལ་རྒྱས་འཆར་འགོད་གཏན་འཁེལ་བྱས་ཏེ་འདམ་ར་དང་། ཆུ་ཚན། མི་རིག་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སྤུས་ཚད་མཐོན་པོས་བཟོ་འགོད་བྱས་ཏེ། འདམ་ར་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་རྨང་གཞི་བརྟན་པོ་འཛུགས་པ་དང་། ཆུ་ཚན་གསར་སྤེལ་བྱས་ནས་རིག་གནས་ཡུལ་སྐོར་གྱི་རྣམ་པ་སྐྱེད་སྲིང་བྱེད་པ། མི་རིག་བརྒྱུད་འཛིན་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ་ཤུགས་ཡོད་རྒུས་སྐྱེ་ཁམས་གནས་འཕྲོད་དང་། གསོན་ཤུགས་ལྡན་པ། ཁྱད་འཕགས་མཛེས་སྡུག་གི་གྲོང་ཁྱེར་སྐྲུན་ཤུགས་ཆེ་རུ་གཏོང་བ་རེད།
ཐོན་ལས་དང་པོ་སྟོབས་ཆེར་གཏོང་བ་དང་། ཐོན་ལས་གཉིས་པ་ཁྱབ་ཆེར་གཏོང་བ། ཐོན་ལས་གསུམ་པ་ལེགས་སུ་གཏོང་བ་བཅས་རྒྱུན་འཁྱོངས་ཏེ་ཞིང་འབྲོག་དང་། ཚོང་དོན། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁེ་ལས་རྒྱུན་མཐུད་ནང་འདྲེན་བྱས་ནས་རྟ་མཆོག་ཟོང་འགྲུལ་ཚོང་དོན་ལྟེ་གནས་སྟོབས་ཆེན་གཏོང་བ་དང་། མི་རིགས་ལག་ཤེས་བཟོ་སྐྲུན་ལས་རིགས་མུ་མཐུད་དེ་ཇེ་རྒྱས་གཏོང་བ། ཁྲོམ་ཚོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེན་བཏང་སྟེ་དམངས་ཕྱུག་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ། གྲོང་ཁྱེར་གྱི་རྣམ་པ་གསར་བཟོ་དང་། གློག་སྐུད་བཀོད་སྒྲིག་ལེགས་པོ། དབོར་གཉེར་སྲུང་སྐྱོང་གི་དྲྭ་རྒྱ་དོ་དམ་གཅིག་གྱུར་ཚད་གཞི་གཏན་འབེབས་བྱས་ནས་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་བཅོས་སྐྱོང་། གྲོང་སྲིད་སྒྲིག་བཀོད་སྲུང་སྐྱོང་། སྤྱི་པའི་སྒྲིག་ལམ་ཚད་ལྡན་སོགས་ཀྱི་བྱ་སྤྱོད་རྒྱུན་ལྡན་ངང་སྤེལ་ཏེ་གྲོང་ཁྱེར་གྱི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་བ་དང་། ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཁུལ་ཁོངས་ལྟེ་གནས་ཟུར་པའི་གྲོང་ཁྱེར་འཛུགས་བཞིན་པ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)
