1
མཚམས་རེར་ཐོབ་ཐོབ་འདྲ་བའི་ཞེ་འདྲིས་ཀྱི་སྙིང་གཏམ།།
ཐེངས་རེར་ཤོར་ཤོར་འདྲ་བའི་བརྩེ་དུང་གི་གོད་ཆག།
མ་འཐོར་འཁོན་ཞིང་འཁོན་པའི་ངག་ཚིག་གི་འཕྲིན་པ།།
བྲལ་ན་སྐྱོ་བ་སྟོང་གི་སེམས་གཅོང་གི་སྡུལ་བསྔལ།།
2
གེ་སར་བདུད་ཀྱི་བུ་མོའི་བརྗེད་ཆུ་ཡིས་བསླུས་དུས།།
འབྲུག་མོས་དྲན་གདུང་མདའ་མོའི་འཕྲིན་ཐུང་ཞིག་བསྐུར་བ།།
བརྩེ་དུང་མངར་ཁ་བཙན་པོའི་འཕེན་ཤུགས་ཞིག་མེད་ན།།
མདའ་མོའི་རི་ཆུ་སྟོང་གི་ཕ་མཐའ་དེ་ཆོད་དམ།།
3
དོན་འགྲུབ་རྒྱ་ལོའི་དྲན་པ་རྩྭ་ཐང་དུ་ལྷག་པ།།
ཡེ་ཤེས་སྒྲོན་མའི་མིག་ཆུ་གཡང་གཟར་ནས་ཟག་པ།།
འདང་བརྩེ་ཨ་ལོང་མཚོན་པའི་གཏམ་རྒྱུད་ཀྱི་ཉིང་ཁུ།།
རྟོག་སྒྲུང་མཚར་གཏམ་རིང་མོའི་དྲོད་བཅུད་ཀྱི་ཡན་ཡིན།།
4
རཱ་མ་ན་ཡིས་རྒྱ་མཚོ་རྡོ་འཕྲང་གིས་བཅད་པ།།
སྲོང་བཙན་སྒམ་པོའི་ཧྲག་དམག་ཤར་ཕྱོགས་ལ་དྲངས་པ།།
མ་སྐྱེས་ཨ་མ་དྲན་པའི་ཚངས་མགུར་གྱི་ང་རོ།།
ཡོད་ཚད་སེམས་སོང་བུ་མོ་སྙིང་སྡུག་མའི་དོན་ནོ།།
5
མཚར་གཏམ་ཚིག་གི་ནང་ནས་སྙིང་གཏམ་གྱི་འོ་བཅུད།།
ཁྱོད་ཀྱིས་མ་མྱོང་མ་གསུངས་བཞེས་ཚུལ་དེ་དྲན་བྱུང་།།
ཁ་མཚར་ཀུ་རེ་ཡིན་པའི་སྟངས་སྟབས་དེ་མ་གནང།།
རང་རང་སེམས་ན་གསལ་ལོ་རྒྱང་རིང་གི་སྙིང་སྡུག།
6
བྲིས་ནས་བསྐུར་བའི་འཕྲིན་དེ་མ་མཐོང་རང་མ་གསུངས།།
བྲལ་ན་འགྱོད་གདུང་མེད་པའི་ངང་ཚུལ་འདི་མ་སྟོན།།
གྱེས་བྲལ་ན་ཟུག་ཟབ་མོའི་སྐྱོ་ཉམས་ཤིག་ཡོད་པ།།
འཕྲིན་ཐུང་ཀུ་རེའི་གཏམ་གྱི་བར་གླག་ནས་མཐོང་ཡོང་།།
7
འཕྲིན་ལན་བསློག་རྒྱུ་མེད་པའི་དཔྱིད་དུས་ཀྱི་མཚན་མོར།།
ངང་སྒུག་ཕྱི་ཐག་རིང་བའི་ལེ་འདེད་དེ་ང་མེད།།
ཆ་ཡོད་རྒྱུས་ཡོད་གྱུར་པའི་འུ་གཉིས་ཀྱི་བར་ལ།།
གང་ལྟར་ཟད་མེད་གཏམ་གྱི་སྒོ་མོ་ཞིག་ཡོད་དོ།།
8
ཆར་བ་ཤག་ཤག་འབབ་པའི་དཔྱིད་དཔལ་གྱི་དུས་ལ།།
ཁྱོད་ཉིད་བརྡ་རྟགས་མེད་རི་ལུང་ལ་འགྲིམ་དུས།།
སྣང་བ་ཨ་ཐང་ཆད་པའི་ཁེར་རྐྱང་གི་ང་ཡིས།།
དུས་ཚོད་མདའ་སྣེ་རིང་མོ་འདི་ལྟར་བཞིན་དེད་མྱོང་།།
9
ཉིན་མཚན་རེས་མོའི་འཁོར་བའི་འཚོ་བ་ཡི་བར་ནས།།
ཁྱོད་ཉིད་སླེབ་པའི་བརྡ་དེ་ནམ་འོང་ལ་སྒུག་བཞིན།།
ཞོགས་ཀའི་དུས་ཚོད་དག་ཀྱང་དྲན་གདུང་གིས་ཟད་ལ།།
དགོང་དྲོའི་འཚོ་བ་འདི་ཡང་སྐྱོ་གདུང་གིས་བསྐྱལ་མྱོང་།།
10
རྐང་ལམ་ཁེར་བགྲོད་ཞིག་ཏུ་གོམ་ཁ་དེ་བསྒྱུར་ནས།།
གླིང་གའི་རྩྭ་ཐང་ཆེན་མོར་སེམས་པ་དེ་བརླན་དུས།།
བསིལ་འཇམ་རླུང་བུ་ཞིག་གིས་རྒྱང་རིང་གི་ཁྱོད་ཉིད།།
སེམས་ཀྱི་ཕྱི་ནང་གཉིས་ནས་གློ་བུར་དུ་གླེང་བྱུང་།།
11
ཆ་མེད་རྒྱུས་མེད་ཞིག་ནས་ངོ་ཤེས་སུ་གྱུར་ཅིང་།།
ཆོ་མེད་གཏམ་ཚོགས་ཚིག་གི་རི་ལུང་ཞིག་གང་མྱོང་།།
འདས་དོན་རིང་མོ་ཞིག་གི་གཏམ་རྒྱུད་ལ་བསམས་ན།།
ནང་སེམས་དྲན་པ་དགུ་བརྩེགས་སྨུག་ལོང་ཞིག་འཐིབས་སོ།།
12
རྒྱ་ཕིབས་གསེར་ཐོགས་ཅན་གྱི་འདུ་ཁང་གི་ནང་ནས།།
བདེན་ཚིག་སྨོན་ལམ་བརྗོད་པའི་དབྱངས་རྟ་ཡི་ཁྲོད་ནས།།
དད་སེམས་རྣལ་མ་ཞིག་གི་ཁྱོད་ཉིད་ཞེས་གཏམ་པ།།
མ་བསྒོམ་བྱམས་པ་ཡིད་ལ་སོང་སྟངས་ཤིག་ཡིན་འདྲ།།
13
སོ་སོའི་ལུང་པར་སྐྱེ་དུས་བསམ་མེད་དང་འབྲེལ་མེད།།
རང་རང་ས་ནས་འཚར་དུས་ཆ་མེད་དང་རྒྱུས་མེད།།
ད་ཚོད་ག་ཤེད་ཅིག་ནས་ཕན་ཚུན་ལ་འདྲིས་པ།།
ཚེ་སྔོན་ལས་ཀྱི་ཁ་ཡིག་འབྲི་སྟངས་ཤིག་ལོས་ཡིན།།
14
ཚོང་ཁང་ཆུང་ཆུང་དེ་ནས་ཁྱོད་རང་ངས་མཐོང་བྱུང་།།
ལམ་གྱི་ཕར་ཀ་དེ་ནས་ཁྱོད་རང་ལ་བལྟས་མྱོང་།།
སྲང་ལམ་གཅིག་ན་ཡོད་དུས་ཐུག་འདོད་ཞིག་མོད་ཀྱང་།།
སྨྲ་བ་ངག་གིས་མ་ཁྲོལ་རང་ལམ་ལ་སྙེགས་སོང་།།
15
ཐག་ཉེ་ཐག་ཉེ་ཞིག་གི་ས་ཕྱོགས་ན་ཡོད་དུས།།
རང་རང་ས་ནས་མ་ཁོམ་སྨྲ་སྒོ་དེ་བཅད་འདྲ།།
ལེ་དབར་བརྒྱ་ཕྲག་དུ་མའི་བར་ཐག་གིས་ཆོད་དུས།།
ངག་གི་མདུད་པ་གྲོལ་བའི་སྐད་ཆ་དེ་མང་ཡོང་།།
16
ཉི་མ་སྤྲིན་གྱིས་བསྒྲིབས་པའི་དོ་ནུབ་ཀྱི་ཕྱི་དྲོའི།།
རི་ཚོགས་སྨུག་པས་བཟུང་བའི་ས་སྲོད་ཀྱི་དུས་ལ།།
འཁྱམ་སྐྱོད་ཐུང་ཐུང་ཞིག་ལ་གནམ་གཤིས་ཀྱིས་རྒོལ་ཏེ།།
གོས་ཀྱིས་ཕྱི་ནང་བརླན་དུས་ཁྱོད་ཉིད་ཡང་དྲན་བྱུང་།།
17
མཐོ་བརྗིད་གངས་དཀར་རི་བོའི་གཟི་དཔལ་ཡང་ཉམས་པས།།
ལྷ་ལམ་ཆུ་ཤེལ་དབང་པོ་མིག་ཟུང་དེ་གཟིམས་ནས།།
ཁྲ་ཚོམ་སྐར་མའི་མིག་ཆུ་སྤང་ཐང་དུ་འཐིམས་པ།།
ཁྱོད་ཉིད་ཡིད་ལ་གཅགས་པའི་དྲན་གདུང་གི་མིག་ཆུ།།
18
ས་སྲོད་མཚམས་སྤྲིན་སེར་པོ་སྡུག་ཡུས་ཀྱིས་བདས་ནས།།
ཁྲ་ཚོམ་སྐར་མའི་ཚོགས་དག་ངུ་འབོད་ཀྱིས་དཀྲོགས་ཏེ།།
དཀར་གསལ་དུང་ཟླའི་ངོས་སུ་སེམས་གཏམ་ཞིག་བྲིས་པ།།
ཤང་ཤང་གཙང་བོས་བརྐུས་ནས་ཁྱོད་ཕྱོགས་ལ་བཞུད་སོང་།།
19
ཚར་དཀར་དབུ་ཞྭ་མནབས་པའི་ལྷུན་པོ་ཡི་འདབས་ཀྱི།།
བསིལ་རླུང་འུར་འུར་ལྡང་བའི་རྩྭ་ཐང་གི་སྟེང་ནས།།
ཁྱོད་ཉིད་ཡིད་ལ་དྲན་པའི་གདུང་སེམས་ཀྱི་རྣམ་པ།།
མི་འགྱུར་ཡིག་ཆུང་རི་མོའི་གཟུགས་རིས་སུ་བྱས་ཡོད།།
༼ ཐང་དཀར།༽
