国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྨི་ལམ་ནང་གི་ལྷ་མོ།

ཚིགས་དྲུག་སྨྱུག་མའི་སྐྱེས་གཟུགས་མཛེས་ཤིང་ལྡེམ། །

དཀར་གསལ་དུང་གི་ཞལ་རས་འཛུམ་གྱིས་བཀང་། །

དམར་པོ་བྱུ་རུའི་མཁུར་ཚོས་མཉེན་ཞིང་འཇམ། །

ནག་སྣུམ་རྒྱ་ལྕང་ལན་བུ་ཕྲ་ཡིས་བརྒྱན། །

མུན་པའི་སྨག་རུམ་དལ་གྱིས་འཐིབས་པ་དང་། །

དུང་མདོག་ཟླ་གཞོན་མཁའ་ལ་འཕགས་པའི་ཚེ། །

ཁྱོད་ཀྱི་མཛེས་སྡུག་ཞལ་ཁྱིམ་སྒོར་མོ་དེ། །

དྲན་གདུང་ཡིད་ཀྱི་ཟབ་སར་ཝ་ལེར་ཤར། །

རིག་པའི་འདོད་འཇོ་སློབ་རའི་སྐྱེད་ཚལ་ནས། །

མཛེས་སྡུག་པད་མའི་བཞད་མདངས་ལྷུག་གྲོལ་བའི། །

ལང་ཚོའི་འཛུམ་ཞལ་དང་པོ་མ་མཐོང་ཚེ། །

འགོག་མེད་སེམས་པ་འདི་ལྟར་ཤོར་དོན་མེད། །

ཁྱོད་ཀྱི་ཆུ་མིག་ལྟ་བུའི་བརྩེ་དུང་དང་། །

མེ་ཏོག་འདྲ་བའི་འཇོ་སྒེག་མཐོང་བ་ན། །

བདག་ཡིད་གསེར་སྐུད་ཕྲ་མོའི་མདུད་པ་དེ། །

གཞོམ་ཞིག་བྲལ་ཞིང་དམ་ནས་དམ་དུ་བཅིངས། །

འགྱུར་མེད་བརྩེ་བའི་དར་སྐུད་རིང་པོ་ལ། །

གཅོད་བྲེག་རལ་གསུམ་གྲི་ཁ་རྣོ་ན་ཡང་། །

འོ་ཆུ་གཅིག་ཏུ་འདྲེས་འདྲའི་དུང་བ་ནི། །

ནམ་ཡང་མི་ཕྱེད་དམ་བཅའ་རྡོ་རྗེའི་བྲག །

༼ ནོར་བུ།༽