国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་ཁམས་རྒྱ་མཚོ་ སྐྱོ་བའི་ཤུགས་སྒྲ།

གནས་སྟོང་ཁམས་ཉུལ་བའི་ས་མཐའ་ཡི་འགྲམ་ནས།།

སེམས་སྐྱ་མོར་མུན་པ་སྟུག་པོ་ཡིས་བསྒྲིབས་དུས།།

ནང་ངལ་བའི་ཆུ་རིས་གཏུམ་པོ་རེ་གཡོ་བཞིན།།

ལམ་གྱ་གྱུའི་འགྲམ་ནས་དུབ་པ་ཡིས་བཀག་འདུག།

སེམས་གཏིང་མཐའི་ཀློང་ན་ངལ་བ་ཞིག་ལྷུང་ཡོད།།

ཡུལ་འཁོར་བའི་གྲོང་ནས་འཛད་པ་ཞིག་མི་འདུག།

དུས་ཡུན་རིང་འདའ་བས་ཇེ་ལྕི་རུ་གྱུར་ཏེ།།

ཤ་རུས་པའི་སྦུག་ནས་ཚོར་བ་ཞིག་བཙན་སོང་།།

ལས་སྨོན་འདུན་ཀློང་ན་ན་བུན་ཞིག་འཁོར་གྱི།།

ས་ངེས་མེད་འགྲིམས་ཀྱང་ཡལ་ཐབས་ཤིག་བྲལ་ལོ།།

འོད་ཉི་ཟླ་འཁོར་ཕྱོགས་འགྲམ་པ་རུ་ཅེར་བཞིན།།

སྟུག་སྨུག་ལོང་ཡལ་བའི་རེ་སྒུག་ཅིག་བཏེགས་ཡོད།།

ཞེ་འཁོར་མོའི་ཚལ་ལ་ཆར་སྤྲིན་ཞིག་བབས་ཡོད།།

ནང་འདྲིས་པའི་ཀློང་ནས་ཇེ་རྒྱས་སུ་འཁྱིལ་བས།།

མདངས་གཡའ་བྲལ་ཨ་སྔོན་འཆར་བ་ལ་སེམས་ཏེ།།

ལོ་ཟླ་ཞག་མཚམས་ནས་རེ་སྨོན་གྱིས་ཁེངས་ཡོད།།

ལག་དཔུང་པའི་ཕྲག་ལ་རྡོག་ཁྲེས་ཀྱིས་མནན་ལ།།

ཡུལ་རྐང་ཐང་འཇལ་ལ་ངལ་བ་ཞིག་ཡོང་བས།།

གནས་ཆེ་ཆུང་འགྲིམ་པའི་རྐང་གླིང་གི་ཕྲག་པ།།

ཉིན་འགའ་ཙམ་སོང་ན་ཆག་གྲུག་ལ་ཉེ་འདུག།

ཡིད་འཁྲེང་པའི་མཐའ་རུ་དཀའ་བ་ཞིག་ལངས་ཏེ།།

ལར་འཇིག་རྟེན་སྐྱོ་བའི་དཀའ་ཉེན་དུ་ཡོང་ལ།།

སྡོད་མི་འདོད་ཞེན་པའི་སྐྱུག་ཁ་འདི་སྐྱེན་པས།།

ངའི་ཆུ་ཟླའི་གཏིབས་པ་ལང་ལོང་དུ་གཡོ་སོང་།།

ཚེ་མི་རྟག་ལ་ཁའི་རླུང་བུ་ཡི་སྐད་སྒྲ།།

དུས་ཡུན་ཙམ་འཇགས་པའི་ལས་སྐལ་དེ་ཕྲ་བས།།

ངའི་ཁོག་ནས་ཤོར་བའི་འཁུན་བུ་ལ་བསམས་ན།།

ཡུལ་མཐའ་འཁོར་དཀྲོགས་པའི་ཉེན་བརྡ་ཞིག་ཚོར་སོང་།།

ལོ་ཉེར་བཞིའི་རྟ་ཕོ་ལ་འགོ་ནས་བསྐྱལ་ཏེ།།

སེམས་དཀའ་སྡུག་ཁུར་པོ་སྒ་སྟན་དུ་བྱས་ནས།།

ལས་སྨྲེང་སེམས་སྐྱོ་མོ་རྟ་རྫི་རུ་མངག་བཞིན།།

རི་གྲུ་ཁའི་འདབས་ནས་བདེ་མོ་རུ་འཇོག་ཡོད།།

སྐྱིད་ཉིན་ཞག་རྟ་ལྗང་འཆར་བ་ལ་སྨོན་ཏེ།།

སེམས་གུ་ཡངས་ཐང་མོ་ཡོང་བ་ལ་བསམས་ནས།།

ངའི་འཚོ་བའི་ཁ་ཕྱོགས་སྤྲོ་སྣང་ལ་རེ་བཞིན།།

ལོ་ཉི་གཞོན་གསར་པའི་འཛུམ་ཁ་དེ་བསྒུག་འགྲོ།།

༼ སྙན་རྐང་གླིང་།༽