国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱོད་རང་ཁྱོད་ལྟར་ འཚོ་རོགས།

ཝ་ཡེ། ཁྱོད་ཀྱིས་ང་ལ་གནང་བའི་

མེ་ཏོག་དེའི་འདབ་མའི་ནང་དུ

མུ་གེའི་ཟེའུ་འབྲུ་མེད་པར་སྨོན།

ཁྱོད་རང་།

ང་ཡི་སྐྱེ་བ་འདིའི་འབབ་ཚུགས་ཐ་མ་ཡིན་པས།

ང་ལ་མཚོན་ན།

ཁྱོད་རང་ཁྱོད་རང་ལྟར་འཚོ་བར་རབ་ཏུ་དགའ།

འགྱུར་ལྡོག་གི་རླུང་བུས།

ཁྱོད་རང་གཡོ་མི་ཐུབ་པ་མིན་ནའང་།

ང་ཡི་མིག་ནང་གི་མེ་ལོང་།

ཁྱོད་ཀྱིས་ཡང་ཡང་ཕྱིས་མྱོང་བ་དྲན།

བཏབ་ཟིན་པའི་སྡོང་བོ་དེའི་ཡལ་གར།

ལག་པ་གཉིས་ཀ་དམ་པོར་འཇུ་རོགས་གནང་།

ཝ་ཡེ། ཁྱོད་ཀྱིས་དལ་མོར་ཉོན་དང་།

ངས་ཁྱོད་ལ་ཡང་ཡང་གཞས་གཏོང་ཆོག།

ཁྱོད་རང་ཁྱོད་རང་ལྟར་འཚོ་ཆེད།

ངས་མདུན་ལྗོངས་ཀྱི་རྩྭ་ཐང་ཡངས་པོ་

གཞས་སུ་འགུགས་ཆོག།

༼ བཙན་མི།༽