དོ་ནུབ་ཚེས་ཀྱིན་པ།
ཉེར་དགུའི་སྨག་ནག་རེད་དམ།
རྒྱུ་སྐར་དག་ཀྱང་ནམ་མཁའི་གཞི་བདག་གིས་
བྱབས་སོང་བ་འདྲ།
གོམ་གང་ཡང་ཆོད་ཐབས་མེད་པ།
མུན་ནག་གི་ཐོག་ལ་མུན་ནག་གི་ལྷན་པ་
མཐུག་དྲགས་པས་རེད།
མི་རྣམས་ཐུག་རེག་བགྱིས་ནའང་།
ངོ་གདོང་མི་མཐོང་བའི་ན་སྡུག་ནི།
བསྐལ་བ་འབུམ་ཕྲག་གི་རྣམ་སྨིན་ཡིན་པ་ལྟར།
གཏན་ནས་སོས་ཐབས་མེད་པ་ཞིག་རེད།
ལྷགས་ངར་དང་མུན་ནག་གིས་བཟོས་པའི་
འཇིག་རྟེན་ཁྲ་ཁྲ།
གྱེས་བྲལ་དང་ཁེར་རྐྱང་གིས་གདུང་བའི་མི་ཚོགས་ཁྲ་ཁྲ།
གྲང་འཁྱག་གིས་གཙེས་པའི་མྱ་ཐང་དུ་སླེབས་དུས།
རང་མིང་ཙམ་ཡང་འབོད་མཁན་བྲལ།
འཁོར་བའི་གཟེབ་ནས་འཕུར་མ་ཐུབ་པས།
ནམ་ཞིག་བུད་ཤིང་བཞིན།
འཆི་བའི་ཁབ་ཁང་ལས་ཕྱིར་ལོག་ཐབས་མེད་པ་
བསམས་ན།
ཁ་འཁུམ་ལག་འཁོབ་ཀྱི།
རེ་ཆད་དང་སྒྱིད་ལུག་གི་ཐ་སྙད་དག་འཁྲིས་སུ་སྤུངས།
༼ འོད་འཛིན་མ།༽
