གནའ་དེང་ཟུང་འབྲེལ་གྱིས་ཐང་ག་གསར་པ་འབྲི།
འདབ་པའི་ཉི་སྟེན་ཤམ་བྷ་ལ་དངོས་མང་བཤམ་སྟོན་ཁང་དུ《ཤམ་བྷ་ལའི་རིས་དྲིལ》ཞེས་པའི་རིང་ཚད་ལ་སྨི7དང་ཞེང་ཚད་ལ་སྨི1.2ཡོད་པའི་ཐང་ག་རིང་མོ་ཞིག་གྱང་ངོས་སུ་བཀལ་ནས་བཤམ་སྟོན་བྱས་ཤིང་། ཐང་གའི་ངོས་སུ་འདབ་པ་ཡུལ་གྱི་གནས་རི་གྲགས་ཆེན་གསུམ་དུ་གྲགས་པའི་རིགས་གསུམ་མགོན་པོ་འབྲི་བཞེངས་བྱས་ཡོད་ལ། གངས་རི། རྫ་རི་དང་སྤང་རི། ནགས་རི་བཅས་ཀྱིས་མུ་ཁྱུད་དུ་བསྐོར་ཞིང་། དེའི་འདབས་སུ་ཤུག་པ་དང་གསོམ་སྡོང་། སྟག་མ་སོགས་ལྗོན་ཤིང་ནགས་ཚལ་སྣ་ཚོགས་ཚིང་ཚིང་འཁྲིགས་ཤིང་། གཙང་པོ་དང་མཚེའུ་འགྲམ་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བ་དང་། རྟ་ནོར་ལུག་གསུམ་དང་། རི་དྭགས་སྣ་ཚོགས་བག་ཕེབས་ངང་རྩེད་འཇོ་ལ་རོལ་ཞིང་། བོད་རིགས་མང་ཚོགས་ཚོ་ལ་ལས་ངལ་རྩོལ་ལ་བྲེལ་ཞིང་། ལ་ལས་ནགས་ཚལ་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པ་དང་། མི་རྣམས་ཀྱི་མིག་ལམ་དུ་བག་ཕེབས་ལྷིང་འཇགས་ཀྱི་མཛེས་སྡུག་ལྡན་པའི་ཞིང་ཁམས་ཤིག་འཆར་ཏུ་བཅུག་ནས་ཡུལ་འདིའི་སྐྱེ་ཁམས་ཀྱི་མཛེས་སྡུག་མ་ལུས་བརྩམས་ཆོས་འདིའི་སྟེང་ནས་མངོན་པར་བྱས་ཡོད་། བརྩམས་ཆོས་འདི་ནི་སྲོལ་རྒྱུན་གྱི་ཐང་ག་འབྲི་སྟངས་གཞིར་བཟུང་ནས་དེང་རབས་སྣུམ་ཚོན་རི་མོའི་འབྲི་ཐབས་སྤྱད་ནས་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་སྔར་མེད་གསར་བཞེངས་བྱས་པའི་རིས་དྲིལ་ཐང་གའི་བརྩམས་ཆོས་སྤུས་ལེགས་ཤིག་ཡིན་ནོ།།
《ཤམ་བྷ་ལའི་རིས་དྲིལ》ཞེས་པའི་རིས་དྲིལ་ཐང་ག་འདི་ནི་གཞོན་སྐྱེས་ལྷ་རིས་སྒྱུ་རྩལ་པ་སྐལ་བཟང་དབང་འདུས་ཀྱིས་བྲིས་པ་ཞིག་ཡིན་ལ། སྤྱི་ཚོགས་སུ་ཐོན་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་མང་པོས་བསྟོད་བསྔགས་རྒྱ་ཆེན་ཐོབ་ཡོད་ལ། ཐང་གའི་གཙོ་དོན་དང་རིག་གནས་མངོན་སྟངས། རིག་རྩལ་གསར་གཏོད་བཅས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ། བོད་ཀྱི་ཐང་གི་འབྲི་རྩལ་དང་ཀྲུང་ལུགས་རི་མོའི་འབྲི་ཐབས། ཕྱི་རྒྱལ་གྱི་སྣུམ་ཚོན་རི་མོ་སོགས་འབྲི་ཐབས་སྣ་མང་གཞི་གཅིག་ཏུ་འདྲེས་པར་བྱས་ནས་གསར་བཞེངས་བྱས་པ་ཡིན་པས་རིགས་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་མངོན་ཞིང་ཐང་ག་འབྲི་བཞེངས་དེ་དུས་རབས་གསར་པར་ཕྱོགས་པའི་གོམས་སྟབས་གསར་པ་ཞིག་སྤོས་པ་རེད།
བརྒྱུད་འཛིན་གསར་གཏོད་ཀྱིས་བསམ་པའི་ཁྱིམ་གཞིས་བསྐྲུན།
ལྷ་རིས་པ་སྐལ་བཟང་དབང་འདུས་ནི་སྤྱི་ལོ1985ལོར་སྡེ་དགེ་རྫོང་སྨད་ཤོད་གྲོང་རྡལ་དུ། མི་རབས་དུ་མར་ལྷ་རིས་སྒྱུ་རྩལ་པ་རྒྱུན་ཆད་མ་མྱོང་བའི་ལྷ་བཟོ་ཁྱིམ་རྒྱུད་ཅིག་ནས་སྐྱེས་ཤིང་། ཆུང་དུས་ནས་ཕ་དང་ཨ་ཁུ་མཉམ་དུ་ལྷ་བཟོ་ཚེ་དབང་ལགས་དགེ་རྒན་དུ་བསྟེན་ནས་ཀརྨ་སྒར་བྲིས་ལུགས་ལ་ལོ་བཅུ་ཕྲག་ལ་བརྩོན་པ་བླ་ལྷག་ཏུ་བསྐྱེད་ནས་སྦྱངས་བརྩོན་བྱས་ཤིང་། རང་ལོ་བཅོ་ལྔ་ལ་སོན་དུས་རང་སྐྱ་ཐུབ་པའི་སྒོ་ནས་ཐང་ག་འབྲི་བཞེངས་ཀྱི་གོ་ཆོད་པར་གྱུར། སྤྱི་ལོ2008དང2009ལོར། ལོ་ན20སོན་པའི་སྐལ་བཟང་དབང་འདུས་ཀྱིས་སྔ་ཕྱིར་གེ་སར་སྟོང་ཐང་དང་རྒྱལ་གསུམ་འཐབ་འཛིང་ལོ་རྒྱུས་སོགས་ཀྱི་འབྲི་བཞེངས་ནང་ཞུགས། དེའི་དུས་སུ་ཁོ་ཀརྨ་སྒར་བྲིས་ལུགས་ཀྱི་ལྷ་རིས་པ་གཙོ་བོར་གྱུར། རྗེས་སུ་ཁོ་ལ་ཆིན་ཧྭ་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་གི་རི་ཀླུང་རི་མོའི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭར་ཟབ་སྦྱོང་གི་གོ་སྐབས་ཤིག་རྙེད་པ་དང་། ཁོས་རྒྱལ་ཁབ་རིམ་པ་དང་པོའི་མཛེས་རྩལ་མཁས་དབང་ཝང་ཅིའེ་ཧྲན་ལ་བསྟེན་ནས་རི་མོར་སྦྱངས་བརྩོན་བྱས་པ་དང་། སྲོལ་རྒྱུན་དང་དེང་རབས། ཤར་ཕྱོགས་དང་ནུབ་ཕྱོགས། རང་རྟོགས་དང་དངོས་ཡོད།སྒྱུ་རྩལ་དང་འཚོ་བ་སོགས་གནད་དོན་རབ་དང་རིམ་པ་བར་གྱི་འབྲེལ་བར་བསམ་བློ་ཞིབ་ཕྲ་བཏང་ནས་འབྲི་རྩལ་གསར་གཏོད་ཀྱི་བསམ་ཕྱོགས་རྒྱ་ཆེ་རུ་གཏོང་ཞིང་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏང་རྒྱུར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད།
སྤྱི་ལོ2015ལོའི་ཟླ་བ3པར་ཁོས་ཞལ་འདེགས་ཕུལ་བའི་ཐང་གའི་བརྩམས་ཆོས《གེ་སར་རྒྱལ་པོ》དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས། སྤྱི་ལོ2019ལོའི་ཟླ་བ3པར་སི་ཁྲོན་ཞིང་ཆེན་གྱི“གསེར་གྱི་དོམ་ཁྲ་བྱ་དགའ”སྐབས་དང་པོ་ཁྲོད་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ། དེ་ལོའི་ཟླ་བ10པར་དཀར་མཛེས་ཁུལ་གྱི་གངས་ལྗོངས་ཁམས་ཀྱི་རིག་གནས་བརྒྱུད་འཛིན་ཕོ་ཉ་ཞེས་པའི་མཚན་སྙན་ཐོབ། སྤྱི་ལོ2020ལོའི་ཟླ་བ5པར་དཀར་མཛེས་ཁུལ་གྱི་རིག་རྩལ་མཁས་ཅན་གྱི་མཚན་སྙན་ཐོབ། ཁོས་འཛུགས་གཉེར་བྱས་པའི་ཐང་གའི་སྒྱུ་རྩལ་གླིང་ལ2021ལོའི་ཟླ་བ་དང་པོར་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ལས་ཁང་ཞེས་པའི་མཚན་སྙན་ཐོབ།
《ཤམ་བྷ་ལའི་རིས་དྲིལ》ཐང་ག་གསར་རྩོམ་ལ་ལོ་རྒྱུས་རིག་གནས་ཟབ་མོའི་རྒྱབ་ལྗོངས་དང་དངོས་ཡོད་དོན་སྙིང་གལ་ཆེན་ལྡན་པས། བོད་ཀྱི་རིག་གནས་ཀྱི་ཁྲོད་དུ་ཤམ་བྷ་ལ་ནི་མཐོ་སྒང་དུ་ཆགས་པའི་དག་པའི་ཞིང་ཁམས་ལྟ་བུ་ཞིག་ཡིན་པས། སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པར་གསལ་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔལ་ལ་རོལ་ཞིང་། འདབ་པ་ཉི་སྟེན་ནི་ཤམ་བྷ་ལ་ཞེས་གྲགས་པ་དེ་ཡང་མིང་དོན་མཚུངས་པ་ཡིན་ལ། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོས་ཕུགས་འདུན་འཚོལ་སྙེག་གི་གནས་སུ་གྱུར་ཡོད། སྤྱི་ལོ2022ལོའི་ཟླ་བ8པར་སི་ཁྲོན་འདབ་པ་ཉི་སྟེན་གྲོང་དུ་ཉམས་གསོ་དང་སྲུང་སྐྱོང་ལས་ཀ་མྱུར་དུ་སྤེལ་ནས་གཅིག་བསྡུས་ཀྱིས་ཤམ་བྷ་ལའི་རིག་གནས་དང་ཤམ་བྷ་ལ་འཚོལ་བའི་རིག་གནས། བོད་ཀྱི་དམངས་སྲོལ་རིག་གནས་བཅས་རྒྱལ་སྤྱིའི་རང་བཞིན་གྱི་ཡུལ་སྡེ་བསྐྲུན་ནས་འཛམ་བུ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་ལ་དཔེ་སྟོན་སྒོས་སྣེ་ཁྲིད་བྱས། དེ་ནས་རིག་གནས་ཀྱི་བླ་སྲོག་སྲུང་འཛིན་བྱེད་པ་དང་ཉི་སྟེན་ཁྱད་ཆོས་ཀྱི་འཛད་སྤྱོད་རིམ་པ་མཐོ་བ་དང་བསམ་པའི་རིག་གནས་དགོས་མཁོ་གང་བའི་རིག་གནས་ཡུལ་སྐོར་ཚོང་རྫས་གསར་སྐྲུན་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་གྱུར། དེའི་ནང་ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་དམིགས་བསལ་གྱི་རིག་གནས་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་འདབ་པའི་ཉི་སྟེན་གྱི་ཤམ་བྷ་ལའི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཏུ་གྱུར་ཡོད།
ལེགས་ཆ་ཀུན་བཏུས་ཀྱིས་སྒྱུ་རྩལ་རིན་ཐང་ངོམས།
《ཤམ་བྷ་ལའི་རིས་དྲིལ》གསར་རྩོམ་ཁྲོད་སྐལ་བཟང་དབང་འདུས་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་བསྡུས་པའི་ཐོག་དེང་རབས་ཀྱི་རྒྱུ་ཆ་བསྲེས་ནས་བརྩམས་ཆོས་དེར་ལོ་རྒྱུས་རིག་གནས་ཟབ་མོ་ལྡན་ལ་དེང་རབས་ཀྱི་མཛེས་དཔྱོད་ལྟ་བའི་དགོས་མཁོ་དང་འཚམ་པར་བྱས་ཡོད། ཁོས་འདབ་པའི་ཉི་སྟེན་ས་ཆའི་རིགས་གསུམ་མགོན་པོ་གཙོ་བོ་བྱས་ཤིང་། གངས་རི་དང་མཚེའུ། ནགས་ཚལ་དང་རྩྭ་རྩི་ཤིང་། རྟ་ནོར་ལུག། རི་བྲག། རི་དྭགས་སོགས་འཆམ་མཐུན་མཉམ་གནས་ཀྱི་བདེ་བ་ཅན་གྱི་ཞིང་ཁམས་ཤིག་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་བཤམ་པ་རེད། དེ་ནི་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དང་དེང་རབས་གསར་གཏོད་བྱས་པ་ཞིག་ཡིན། 《ཤམ་བྷ་ལའི་རིས་དྲིལ》ཐང་ག་དེར་གནའ་བོ་ཐང་ག་སྒྱུ་རྩལ་དེ་དུས་རབས་གསར་པའི་་གསོན་ཤུགས་གསར་པ་སྣོན་པ་དང་མི་དེ་བས་མང་པོས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉམས་འགྱུར་ལ་ཆ་རྒྱུས་ལོན་དུ་བཅུག་པ་དང་། འདི་ནི་དུས་རབས་ཉེར་གཅིག་པའི་ཐང་ག་འབྲི་སྟངས་གསར་པ་ཞིག་ཡིན་པས། 《ཤམ་བྷ་ལའི་རིས་དྲིལ》ཐང་གའི་བརྩམས་ཆོས་འདི་ལ་རྒྱལ་ནང་གི་མཛེས་དཔྱོད་རིག་པའི་ཆེད་མཁས་པ་དང་རྒྱལ་སྤྱིའི་སྒྱུ་རྩལ་ལས་རིགས་ཀྱི་ཁྱབ་ཁོངས་ནས་དོ་ཁུར་བྱས་དང་བྱེད་བཞིན་ཡོད་དོ།།
( ཚེ་རིང་ལྷ་འཛོམས་ཀྱིས་བྲིས།)
