ཁྱོད་ཀྱིས་གློ་རྡེག་ཏུ་སྙིང་ཉེ་བའི་མི་ཞིག་དང་འཕྲད་སོང་ཟེར། འཕྲད་ནས་ལུས་འབུལ་སེམས་ཕུལ་བྱས་ཚར་ཟེར། སྐད་འདི་ཁྱོད་ཀྱིས་དངོས་སུ་བཤད་པས་མ་གཏོགས། ངས་ཡིད་ཆེས་ཐབས་ཡེ་ནས་མི་འདུག། ལུས་སེམས་གཉིས་ཀ་ཕུལ་ཡང་གཞན་དེ་ཞེ་ཡིད་ཚིམ་གྱིན་འདུག་གམ། ཁྱོད་རང་ཡང་ཚིམ་པོ་ཨེ་བྱུང་། ད་ནི་ཁྱོད་རང་སོང་ནས་ཟླ་བ་གཉིས་སོན་ལ་ཉེ། ཟླ་བ་གཉིས་ཀྱི་འཚོ་བ་སྐྱིད་དམ་སྐྱོའམ། ཁྱོད་གྲོང་ཁྱེར་དུ་ལོབ་མེད་པའི་རྐྱེན་གྱིས་དཀའ་ལས་ཁག་བཞིན་ཨེ་ཡོད། ངའི་སྐྱོ་སྣང་གི་ཁ་བ་ཆད་ཐབས་མེད་ཀྱང་། འདས་སོང་གི་དུས་ཚོད་ཕྱིར་འོང་མི་སྲིད། སྤྱིར་ན་ཁྱོད་ལ་སྡུག་རུས་དང་བཟོད་བསྲན་དེ་ཙམ་མེད། ལྷག་ཏུ་ཕོ་ཁའི་མེ་དྲོད་དེ་ཙམ་མི་བཟང་བས། ཡུལ་དེའི་ཟ་མ་དང་གོམས་གཤིས་སོགས་འདྲེས་ཀྱིན་འདུག་གམ། ད་ལྟ་ཁྱོད་ཀྱི་སྙིང་ཉེ་བའི་མི་དེས་ཞེ་བསམ་པའི་གཏིང་ནས་ཁྱོད་རང་གཉོར་གྱིན་འདུག་གམ། གཉོར་བའི་བྲོ་བ་དེས་ཁྱོད་ཀྱི་ལུས་སེམས་ལ་ཚིམ་པོ་ཨེ་བྱུང་། གཞན་གྱི་མི། ང་ཡི་རྩུབ་ཧྲག་རྒོད་པའི་གཤིས་ཀ་དེ་ཤིན་ཏུ་སྙི་དྲགས་སོང་བས། ད་ནི་ངས་རང་ཉིད་ཀྱང་རློམ་ཐབས་བྲལ། ལྷག་ཏུ་ཡིད་ཆེས་ཟེར་བའི་ཐ་སྙད་དེ་ལ་སྡང་སེམས་ཤིག་ཀྱང་སྐྱེ་དགོས་བྱུང་།
སྐད་ཆ་དེ།
ངས་སྐད་ཆ་དེ་གོ་དུས་ཟླ་གཅིག་དང་ཉིན་བཅུ་ཡི་རྗེས་སུ་རེད། གོ་མ་ཐག་ང་རང་ལུས་སེམས་གཉིས་ཀ་སྦྲིད་ནས་ཐམ་མེ་ཐོམ་མེར་ཞིག་གྱུར་སོང་། སྐད་ཆ་དེ་དངོས་ཡོད་ཡིན་རྒྱུ་མ་རེད་བསམས། སྐད་ཆ་དེ་ངའི་རྨི་ལམ་ནང་ཡིན་ན་འདོད། ངའི་རྨི་ལམ་ནང་ཡིན་ན་ཅི་མ་རུང་བསམས། ཡིན་ཡང་སྐད་ཆ་དེ་ལ་འགྱུར་ལྡོག་གང་ཡང་མི་འདུག། ངས་སྦྲིད་འཐོར་གྱི་ལུས་སེམས་གཉི་ག་སྤྱད་ནས་སེམས་གསོ་དང་སེམས་ཁྲལ་ལྟ་བུའི་སྐད་ཆ་རེ་ཨེ་ཡོང་བལྟས་ཀྱང་། སྦྲིད་འཐོར་དུ་སོང་བའི་དྲན་པ་དེ་གནམ་རུབ་པ་ལྟ་བུའི་ནག་ཐོམ་མེ་ལས་ཅི་ཡང་མངོན་རྒྱུ་མ་བྱུང་། ཏོག་ཙམ་ནས་ང་རང་ཡུལ་དངོས་དེར་ཡོད་པ་མ་བསམས། ཡུལ་དངོས་དེ་རུ་དངོས་ཡོད་ཡིན་མིན་བདེན་དཔང་བརྡར་ཆེད་ཡུལ་དངོས་དེར་འགྲོ་འདོད་ཀྱི་སྤོབས་པ་ཞིག་ཀྱང་སྐྱེ། དེ་མ་ཐག་ཡུལ་དེར་སྐྱོད་པའི་སྣང་བ་ཟ་ཟིའི་འོག། སྐད་ཆ་དེ་དངོས་ཡོད་ཅིག་མིན་ན་བསམས། ཇི་ལྟར་བསམས་ཀྱང་དེ་ལྟར་སྙིང་གི་འཕར་ལྡིང་མགྱོགས་སུ་འགྲོ་བའི་སྐད་ཆ་དེ། ངོ་མ་ང་ཡིས་ལྕོགས་ཀྱིན་མི་འདུག། ལུས་སེམས་གཉི་ག་སྤྱད་ཀྱང་ལྕོགས་པའི་ཚད་ཅིག་མ་རེད། དགོང་མོ་དེར་དེ་ལྟར་སྦྲིད་འཐོར་གྱི་ངང་ནས་ཉལ་རུང་། གཉིད་ཟེར་བ་དེ་སྐད་ཆ་དེས་གང་ཞིག་ལ་དྲུད་སོང་འདུག། གཅོང་སྣང་གི་དྲན་པའི་ཀློང་ནས་ཁོག་གི་མིག་ཆུ་ཡང་ཕྱི་རུ་འབྱིན་ཐབས་མི་འདུག།
ཁྱོད་ཐག་རིང་ཞིག་ལ་འགྲོ་མྱོང་མེད།
ཁྱོད་ནི་རང་ཡུལ་གྱི་རྫོང་ཁུལ་ཙམ་ལས་ཐག་རིང་ཞིག་ཏུ་འགྲོ་མྱོང་མེད། ལྷག་ཏུ་གྲོང་ཁྱེར་གྱི་འདུ་འཛི་ལ་དེ་བས་བཅར་མྱོང་མེད། ངས་དྲན་ཚོད་ཅིག་ལ་ཁྱོད་རང་རང་ཁུལ་དུ་ཐེངས་གཉིས་ལས་འགྲོ་མྱོང་མེད། དེ་ནི་དུས་ཚོད་དེའི་བར་སྟོང་ནས་བཞད་པའི་ངའི་འཆར་སྣང་ཙམ་ཡིན་ཡང་སྲིད། ལོ་འདིར་ཁྱོད་རང་ཨ་མ་དང་ཨ་ཅེ་གཉིས་དང་ལྷན་དུ་ཐག་རིང་ཞིག་ལ་འགྲོ་དགོས་ཟེར་དུས། ང་རང་གློ་རྡེག་ཏུ་སེམས་ཁྲལ་གྱི་ཁྲོན་པའི་ནང་དུ་ལྷུང་སོང་། ཁོང་གཉིས་ནི་སློབ་གྲྭའི་སྒོ་ཐེམ་ཙམ་ཡང་བརྒལ་མ་མྱོང་པའི་འབྲོག་མོ་དཀྱུས་མ་གཉིས་ཡིན་པས། ཡུལ་གཞན་ཞིག་ལ་བགྲོད་པའི་བློ་སྤོབས་ཡོད་ག་ལ་སྲིད། ཁྱོད་ཀྱང་དེ་བཞིན་དེང་རབས་ཀྱི་སྐད་བརྡ་རིག་པ་ཤིན་ཏུ་ཞན་པའི་དབང་གིས། ཐག་རིང་དེ་འདྲ་ཞིག་ལ་གནམ་གྲུར་བསྡད་དེ་འགྲོ་ཟེར་ན་ངའི་སེམས་ཀྱིས་དང་ལེན་བྱ་དཀའ་བ་ཞིག་གི་ངང་ནས་སེམས་ཁུར་ཡང་ཡང་ཤོར། དེ་དང་སྟབས་གཅིག་ཏུ་དང་པོ་གནམ་གྲུ་བསྡད་སའི་ཞིང་ཆེན་དེར་ངའི་སྤུན་མཆེད་ཅིག་ཡོད་པས་དེ་ལ་སྦྲན་ནས་ཁྱོད་ཚོ་རླངས་འཁོར་ལས་བསུས་ཤིང་འབབ་ཚུགས་སུ་སྐྱེལ་བའི་རོགས་དན་དུ་གཏང་དགོས་པར་བསམས་ཤིང་། བགྲོད་པའི་གནས་མལ་དེ་རུ་ཁོ་བོའི་ནུ་བོ་ཡོད་པས་གནམ་ཐང་དུ་བསུ་རུ་མངགས་པ་དང་མགྲོན་ཁང་སོགས་ཀྱི་སྟ་གོན་ཨང་གསལ་བྱས་པའི་འཆར་འགོད་ཡོངས་སུ་འཐེན་པ་ཡིན།།
༼ གུ་དཔལ་ཤིས།༽
