ངན་འགྲོ་གསུམ་དུ་སྐྱེས་པའི་སེམས་ཅན་བ་མཛོ་ང་ལས་དབང་གིས་ས་ཞིང་མུའུ་ལྔ་ལྷག་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིང་པའི་དུད་ཚང་དཀྱུས་མ་ཞིག་གི་སྒོ་ཕྱུགས་སུ་གྱུར། ཁོ་ཚང་གིས་ནམ་རྒྱུན་བ་མོ་དང་མཛོ་དང་མཛོ་མོ། རྟ་དྲེལ་སོགས་ལ་ལྟ་སྐྱོང་ཡག་པོ་བྱས་པར་བརྟེན། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཆེ་ཡང་བདག་པོ་ཅུང་བཟང་པོ་ཞིག་ལ་འཕྲད་པ་ང་རང་བསོད་ནམས་ཆེ་དྲན་གྱིན་ཡོད་ལ། ད་ནི་བཟུང་ལས་མེད་སྐྱིད་འདོད་ངང་ལ་ཚེ་མཐའ་ཡག་པོ་ཞིག་འཁྱོལ་ཐུབ་ངེས་རེད་དྲན་ནས་ལུས་བདེ་ཉམས་དགའ་བར་ཁོ་ནར་གནས།
རྩྭ་ཆུ་འབེལ་བའི་དབྱར་གཞུང་ཞིག་ལ། དུད་ཚང་ཕ་རྒན་དང་མི་འགའ་ཞིག་གིས་ལག་ལ་ཐག་པ་དང་རྣོ་གྲི་ཁུར་ནས་ངའི་འགྲམ་དུ་སླེབས་བྱུང་། ཕན་ཚུན་གཏམ་གླེང་བྱས་ཤིང་སྐབས་རེ་བགད་ནས་མཚམས་མི་འཇོག་པ་དང་སྐབས་རེ་ངར་བྱིལ་བྱིལ་བྱས་པ་རེད། སྨྲ་མི་ཤེས་ཤིང་དོན་མི་གོ་བའི་བ་མཛོ་ངས་ཅི་ཡིན་ནམ་སྙམ། དུད་ཚང་ཕ་རྒན་གྱིས་ང་ལ་བོད་ཚྭ་ཞིག་བྱིན་ཏེ་ཚྭ་དྲི་རོལ་མ་ཐག་གཡོ་སྒྱུ་ཅན་ལ་རྒྱབ་མདུན་མི་མཚུངས་ཟེར་བ་བཞིན། དེ་མ་ཐག་ངའི་རྐང་ལག་བསྡམས་ནས་ང་ཐད་ཀ་སར་མནན་ཐལ། ཁོ་ཚོའི་དགོད་སྒྲའི་ཁྲོད་གྲང་ཤུམ་ཤུམ་གྱི་གྲི་རྩེས་ངའི་ལུས་ལ་རྨ་ཁ་གཏོད་འགོ་བརྩམས། ཉམ་ཆུང་དུད་འགྲོ་ང་སྐྲག་ནས་སྙིང་རྩ་འདར་ཞིང་དྲན་མེད་དུ་བརྒྱལ། དུས་ཡུན་ཇི་ཙམ་སོང་བ་མ་ཤེས་ཤིང་ང་རང་དྲན་པ་སོས་དུས། མི་ཚོས་ངའི་རྐང་ལག་ལ་བསྡམས་པའི་ཐག་པ་ལྷོད་བཞིན་པ་མཐོང་བས་ང་གསོད་མི་འདུག་བསམས་ནས་དགའ་སྤྲོ་དཔག་མེད་སྐྱེ་ཞོར་མྱུར་དུ་ཡར་ལངས་ནས་འགྲོ་དགོས་སྙམ་ཡང་ལུས་ལ་རྨས་ཡོད་པས་ལངས་ཐུབ་མ་སོང་། བ་མཛོ་ནར་སོན་པའི་ཆོ་ག་དེས་ང་རང་ཤི་དམྱལ་བའི་ཡུལ་དུ་ལན་གཅིག་ཁྲིད་སོང་།
གངས་ཆུ་དང་སྨན་རྩྭར་རོལ་བའི་དྲིན་གྱིས་མི་རིང་བར་ངའི་རྨ་ཁ་དལ་གྱིས་སོས། བསྐལ་པ་རྟ་རྒོད་འགྲོ་ལུགས། དུས་ཚོད་ཉ་མོ་འཁྱུག་འཁྱུག་ཅེས་པ་ལྟར། ཟ་འདོད་འགུལ་འཚེར་གྱི་བག་ཕེབས་པོའི་འཚོ་བ་ལོ་བརྒྱད་དེ་མིག་བརྡེབས་ཙམ་ལ་ཡལ་སོང་། ཉིན་ཞིག་སྐྱེས་པ་གཉིས་ཀྱིས་ངའི་སྣ་གཅུ་འཐེན་ནས་ཞིང་ཁར་ཁྲིད་དེ་རྨོན་འཐེན་མཁས་རབས་ཡོད་པའི་མཛོ་རྒན་ཞིག་དང་ལྷན་གཤིབ་ཏུ་བཞག། སེམས་ལ་འཇིགས་སྣང་དྲག་པོ་སྐྱེས་ཤིང་མཛོ་རྒན་ལ་གནས་ཚུལ་དྲིས་པ་ན་མཛོ་རྒན་གྱིས་རྨོན་འཐེན་ང་ཚོ་མཛོ་ཡི་བསྐོས་པའི་ལས་རེད། བྱོལ་རྒྱུ་དང་གཟུར་རྒྱུ་མེད། གཉའ་ཕབ་པའི་ཐོག་མར་དཀའ་ལས་ཆེ་ཡང་ང་ལ་དཔེ་ལྟོས་སློབ་སྦྱོང་ཡག་པོ་གྱིས། ངས་ཉམས་མྱོང་དཔེ་འཁྱུད་མེད་པར་བཤད་ཆོག། དུས་བཞི་ལས་སྟོན་དཔྱིད་གཉིས་ལ་དཀའ་ལས་ཅུང་ཆེ་བ་མ་གཏོགས་སྡུག་པོ་མིན། རང་འཁྲིའི་ལས་དངོས་སུ་སྒྲུབ་པ་དང་ཤ་འབད་རུས་འབད་ཀྱིས་སྒྲུབ་པ། སྒྲུབ་མཁས་པ་བྱ་རྒྱུ་གལ་ཆེ། ཉམ་ཆུང་སྡོད་ལ་སྡུག་བསྲན་ཆེ་རུ་སྐྱེད་ཅིག། བཀོལ་མེད་དུད་འགྲོ་བཤས་ཁོངས་གྲལ་ལ་འཕངས་ཞེས་པའི་སྙིང་གཏམ་མ་བརྗེད་ཅེས་བཤད།
སྐེ་ལ་གཉའ་ཤིང་སྣེ་གཅིག་བཞག་ཅིང་སྣ་ནས་གཅུ་ཐག་རིང་མོ་འཐེན། ཐོང་བ་སར་བཙུགས་ཏེ། ཤུར་སྒྲ་དང་ལྕག་ཚན་གྱིས་བསྐུལ་བའི་རྨོན་ལས་དེ་ནམ་རྒྱུན་རྩྭ་ཆུ་གང་ཡག་གང་འབེལ་འཚོལ་སར་སོང་བ་མ་གཏོགས་བྱ་བ་ཙག་ཙིག་ཙམ་ཡང་སྒྲུབ་འདོད་མེད་པའི་ལེ་ལོ་ཅན་ང་རང་ལ་མཚོན་ན་ཉ་མོ་བྱེ་ཚན་དུ་བསྐྱུར་འདྲའི་གདུང་བ་ལྷག་པར་ཆེ། མཛོ་རྒན་གྱི་སྙིང་གཏམ་ཇི་མི་སྙམ་ངང་བཞག་པ་དང་། རྨོན་འཐེན་ཉམས་མྱོང་མེད་ཅིང་སྡུག་བསྲན་ཆུང་བ། གཞོགས་འདེགས་མཉམ་ལས་མེད་པ། རང་དཔེ་གཞན་བཞག་མི་ཤེས་པའི་དབང་གིས་མགོ་བོ་འཁུར་ལུགས་མི་ཤེས་ནས་གཉའ་ཤིང་གཙུབ་བརྡར་དྲགས་པས་ལྟག་པར་ཁྲག་དང་ཆུ་སེར་ཐོན། རྨོན་རོལ་ཚུལ་བཞིན་མི་ཤེས་ནས་སྣ་གཅུ་བཙན་འཐེན་མང་བས་དབུགས་འབྱིན་དཀའ། ཁ་ལོ་སྐོར་ལུགས་མི་མཁས་པས་མགོ་ཡོམ་འཁོར། གཡས་སུ་ཡོ་ནས་ཚིག་ངན་རག། གཡོན་དུ་ཡོ་ནས་ལྕག་གིས་བྲབས་པ་སོགས་སྡུག་བསྔལ་དཔག་མེད་མྱོང་དགོས་བྱུང་། དེ་ནས་ཉིན་རྟག་པར་འཁང་ར་དང་ལེ་བདའ། དེ་བཞིན་དམོད་ངན་ཆུ་རྒྱུག་རྒྱུག་ངང་དུས་འདས་པ་ཡིན།
ངའི་ཕ་ཡུལ་ནི་སྟོན་ཐོག་ཉིས་བརྩེགས་འབྱུང་ཡུལ་ཡིན་པས་ལས་ངན་རྨོན་མཛོ་ང་ཚེ་གཅིག་ངལ་དུབ་ཀྱི་ཁྲོད་ནས་འདའ་དགོས་པ་ཐག་ཆོད་སྙམ་བཞིན། སེམས་སྡུག་གིས་གང་ཞིང་ལུས་རྔུལ་ཆུས་སྦངས་ནས་ལོ་དུ་མ་ཞིག་སོང་ན་ཡང་། ཁ་ནང་ལ་འཁོར་ནས་རང་གི་བསམ་བློ་དང་བྱ་སྤྱོད་ལ་རྟོག་དཔྱད་ཁྱོན་ནས་མ་བཏང་། སྟབས་ལེགས་པ་ཞིག་ལ་དེང་རབས་ཚན་རིག་གིས་དྲིན་ལས་ལྕགས་མཛོ་དར་བ་དང་། ངའི་ཁྱིམ་བདག་གཙོས་པའི་ཞིང་པ་ཚོས་འགྲན་འགྲན་བྱས་ནས་འཕྲུལ་མཛོ་ཉོས་པ་ནས་བཟུང་ང་དང་ང་འདྲ་བའི་རྨོན་མཛོ་ཚོ་ལ་བཅིངས་འགྲོལ་ཐོབ་ཅིང་སྐྱིད་ཀྱི་ཉི་མ་ཤར། ཉིན་མོར་རི་ལ་རྩྭ་དང་ལུང་ལ་ཆུ་རོལ་ནས་རྒྱགས་རྩེད་བྱེད་སྐྱིད་དང་མཚན་མོར་སེམས་ཁྲལ་གང་ཡང་མེད་པར་གཉིད་སྐྱིད་རེད། ཁྱིམ་བདག་གིས་མཚམས་རེར་ཅ་ལག་དབོར་འདྲེན་ལ་ང་མཁོ་ནས་འཚོལ་སར་འོངས་དུས་ང་རང་ཐག་རིང་བྱོལ་ནས་གབ་པ་ཡིན། ལོ་གཅིག་གི་རྗེས་ལ་ངས་ཁྱིམ་མཚེས་ཀྱི་ཤིང་བརྩིགས་སྟེང་ནས་གཉའ་ཡ་མཛོ་རྒན་གྱི་ཀོ་བ་མཐོང་བྱུང་བས་སེམས་སུ་ཨ་ཁ་མཛོ་རྒན་ཁོང་གིས་སྐྱིད་ཁབ་རྩེ་ཙམ་ཞིག་བསག་རྒྱུ་མི་ལོན་ནས་ཤི་འདུག་སྙམ་པ་ལས། དེ་སྔོན་ཁོས་བཤད་པའི་སྐད་ཆ་ཡེ་ནས་མ་དྲན་ལ་འདང་ཡང་བརྒྱབ་མེད།
དེ་ལྟར་སྐྱིད་འདོད་ངང་ལོ་འགར་ཕྱིན་རྗེས་ཀྱི་གྲང་ངར་ཆེ་བའི་ཉིན་ཞིག་ལ་ཁྱིམ་བདག་གིས་གཞན་ཡུལ་གྱི་མི་འགའ་ཁྲིད་དེ་ངའི་གཟུགས་པོར་ཞིབ་ལྟ་བྱས་ནས་རིན་གོང་གླེང་བཞིན་འདུག། འོ། མ་གཞིར་མི་དེ་ཚོ་ནི་ལོ་སར་གྱི་བཤས་ཤ་ལྟ་རུ་ཡོང་མཁན་རེད། ངའི་སྙིང་རྩ་དྲག་ཏུ་འཕར་བྱུང་། ཞིང་ལས་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་མི་ཤེས་པས་ཕྱུག་པོར་འགྱུར་མི་ཐུབ་པའི་དུད་ཚང་ལ་མཚོན་ན། རྒྱུ་ནོར་དང་སྒོར་མོ་ལོས་དགོས་ཀྱང་། ང་རང་མི་ཚེ་ཕྱེད་ཙམ་ལ་ཁྱིམ་བདག་ཚང་ལ་ས་ཞིང་བསློགས་ནས་ཞབས་ཕྱི་བསྒྲུབས་ཤིང་ལོ་དུ་མའི་བརྩེ་དུང་ཡོད་པས་ཁྱིམ་བདག་གིས་ང་ཚེ་ཐར་ཞིག་གཏོང་ངེས་རེད་སྙམ་བཞིན་པའི་མོད་ལ་ང་རང་བཤས་མཁན་ཚོའི་ལག་ཏུ་འཕྲོད་འདུག། བསམ་རྒྱུ་དྲན་རྒྱུ་མེད་པ་འཆི་བ་ཐོག་འདྲ་བབས་བྱུང་།
བཤས་མཁན་ཚོའི་རླངས་འཁོར་སྡེ་བ་ཆུང་ཆུང་བརྒྱུད་ནས་རྒྱ་གྲོང་ཕྱོགས་སུ་སྐྱོད་དུས། ང་རང་རྨོངས་གཉིད་ལས་སད་པ་བཞིན་ང་རང་གི་ཚེ་འདི་ལ་འདང་ཞིག་རྒྱག་དུས། དེ་སྔོན་ལས་མེད་སྒྱིག་ལུག་གི་རང་གཤིས་དང་རང་ཆེ་རང་མཐོང་གི་ལྟ་བ། གཞན་སེམས་དཀྲུག་པའི་སྐད་ཆ། བརྩོན་མེད་ལེ་བདའི་སྤྱོད་པ། ལྷག་པར་མཛོ་རྒན་གྱི་བསླབ་བྱ་གསེར་རིལ་མ་ཡལ་བར་འདོར་བ་སོགས་ལ་འགྱོད་གདུང་ཚད་མེད་སྐྱེས། ད་ལྟ་འཆི་བ་མི་རྟག་ཤར་དུས་དེ་སྔོན་རྨོན་ལས་ཀྱི་དཀའ་སྡུག་ནི་དཀའ་སྡུག་གཏན་ནས་མིན་པ་ཤེས་ལ། ཚེ་སྲོག་དང་འབད་འཐབ་ཀྱི་རིན་ཐང་ཀུན་ལས་ཆེ་བ་ཡིན་པའི་ངེས་ཤེས་རྙེད། ད་ནི་སྙིང་རྩ་འདར་ཡང་ཅི་ཞིག་ཕན་ཐམས་ཅད་རང་ལ་རག་ལས་འདུག་སྙམ་པ་ན་སྔར་མེད་ཀྱི་སྤོབས་པ་ཞིག་གློ་བུར་དུ་ལུས་ཡོངས་སུ་རྒྱས་པ་དང་། བཤས་ཁོངས་གཅིག་ཏུ་ཡོད་པའི་སྤུན་ཟླ་གཞན་དག་ལ་རང་གི་གཏམ་རྒྱུད་དང་ཚེ་འདིའི་མྱོང་བ་བཤད་རྗེས། དུད་འགྲོའི་ལུས་རྟེན་བརྗེས་ནས་མི་ལུས་རིན་པོ་ཆེ་ཞིག་འཐོབ་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་པ་དང་ཆབས་ཅིག། འཆི་བ་གདོང་གིས་བསུས་ཏེ་ཞུམ་པ་མེད་པར་ཁྲག་གིས་བསྒྱུར་བའི་ཁང་པ་གྲུ་བཞི་མ་ལ་གཏད་ནས་སྐྱོད་པ་ཡིན།། ༼ ཡེ་ཤེས།༽
