国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དན་གྲངས་ལས་གསོན་ཤུགས་རྒྱས། རི་མོ་ལས་འགྱུར་ལྡོག་མངོན།

ལི་ཐང་རྫོང2025ལོའི་འཕེལ་རྒྱས་ནས་རྫོང་ཁོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལག་ལེན་ལ་ལྟ་བ།

2702_02B_20260123ལི་ཐང་གནའ་གྲོང་དུ་ཡུལ་སྐོར་བའི་འདུ་ལོང་ཆེ།

● ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར32.5ལེགས་གྲུབ་བྱུང་བས། དུས་མཚུངས་ལས་བརྒྱ་ཆ6འཕར་བ།

● གཏན་འཇགས་མ་རྩའི་མ་འཇོག་སྒོར་དུང་ཕྱུར33.8ལེགས་གྲུབ་བྱུང་བས། དུས་མཚུངས་ལས་བརྒྱ་ཆ202.8ཆེས་ཆེར་འཕར་བ།

● སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར11.36ཟིན་པས་བརྒྱ་ཆ6.2འཕར་བ།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ལམ་བུར་ལི་ཐང་རྫོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་གང་འདྲ་བཏོན་ཡོད་ཅེ་ན། 2025ལོར། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ་རྫོང་ཨུའི“1244”ཡི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས་ལི་ཐང་རྫོང་གིས་ཐོན་ལས་དར་རྒྱས་དང་། གྲོང་ཡུལ་མཛེས་སྡུག། དམངས་འཚོ་བདེ་སྐྱིད་ཀྱི་ལོ་འཁོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཆ་སྙོམས་མཚོ་འཕགས་སྨི4300ཡིན་པའི་ས་ཆ་དེ་ནས་ལི་ཐང་རྫོང་མི་དམངས་རྣམས་ཀྱིས་འབད་བརྩོན་ལྷོད་མེད་ངང་དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་འཕེལ་རྒྱས་ཡར་ཐོན་གྱི་རྣམ་པ་གསར་པ་མངོན་བཞིན་ཡོད།

དན་གྲངས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ་མངོན་ཏེ།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར32.5ལེགས་གྲུབ་བྱུང་བས། དུས་མཚུངས་ལས་བརྒྱ་ཆ6འཕར་བ་དང་། གཏན་འཇགས་མ་རྩའི་མ་འཇོག་སྒོར་དུང་ཕྱུར33.8ལེགས་གྲུབ་བྱུང་བས། དུས་མཚུངས་ལས་བརྒྱ་ཆ202.8ཆེས་ཆེར་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར11.36ཟིན་པས་བརྒྱ་ཆ6.2འཕར་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སོགས་དམིགས་ཚད་བཞིའི་གྲུབ་འབྲས་ནི་ཁུལ་ཡོངས་ཀྱི་མདུན་དུ་སླེབས་པ་དང་། རྫོང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་བཞིན་ཡོད།

ལག་ལེན་ཐོག་ནས་འཕེལ་རྒྱས་ཏན་ཏིན་བཏང་། “ཞིང་ཆེན་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ”ལ་དཔྱད་འདེམས་ཐོབ་པའི་ཧོ་སྙིང་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་རྟེན་གཞིས་ཚད་ལྡན་ཅན་གྱིས་འབྲི་གཡག་གསོ་སྤེལ་བྱས་ནས་འཕེལ་རྒྱས་གཏོང་བཞིན་ཡོད། 2025ལོར། ལི་ཐང་རྫོང་གི་ཞིང་ལས་ཐོན་རྫས11ལ་སྐྱེ་ལྡན་བདེན་དཔང་གསར་པ་ར་སྤྲོད་ཐོབ་པ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི2300ལས་བརྒལ་ཏེ་ཁུལ་ཡོངས་ཀྱི་ཞིང་ཆེན་སྐར་རིམ་ཅན་གྱི་དེང་རབས་ཞིང་ལས་གླིང་ཁུལ་གཉིས་ཡོད་པའི་རྫོང་གཅིག་པུར་གྱུར་པ་རེད།

ལི་ཐང་རྫོང་གིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར24ལས་བརྒལ་བའི་འོད་ཤུགས་སྟོང་ཝ་ཁྲི230ཡི་ལས་གཞིར་བསྐུལ་ཏེ་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས། ལས་གཞི་འདིས་ལོ་རེར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར8.74རག་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་ཆུ་རླུང་འོད་ཕན་ཚུན་གསབ་རེས་དང་ས་དྲོད་ཐོན་ཁུངས་ཧུར་ཐག་ངང་འཚོལ་ཞིབ་བྱེད་བཞིན་ཡོད། སྟོང་ཝ་ཁྲི100ཡི་དགའ་བ་ཆུ་འཐེན་གློག་གསོག་ལས་གཞིའི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཏེ་སྦག་མེད་ནུས་ཁུངས་ཀྱི་རྣམ་པ་ཆགས་བཞིན་ཡོད།

ཉི་འོད་གློག་ནུས་སུ་བསྒྱུར་བ་དང་། རིག་གནས་མཛེས་སྡུག་ཡིད་དབང་འཕྲོག་ཤུགས་སུ་བསྒྱུར་བ་སྟེ། ལི་ཐང་རྫོང་རྟ་རྒྱུག་འགྲན་བསྡུར་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་དང་པོ་ལེགས་སྤེལ་བྱུང་བས་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་མངོན་པ་རེད། ལི་ཐང་གི་རྟ་རྒྱུག་ལ“སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་དང་གྲོང་ཁྱེར་བརྒྱ་ལ་སྒྱུ་རྩལ་བརྒྱ”ཡི་ཟོང་རྟགས་ཐོབ་པ་དང་། ལི་ཐང་གནའ་གྲོང་སྟེ་དུད་ཚང་སྟོང་གི་བོད་སྡེར་ཞིང་ཆེན་རིམ་པའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་རྟེན་གཞིའི་སྤུས་ཚད་མཐོ་འདེགས་ཚོད་ལྟ་བྱ་ཡུལ་དུ་བདམས། སྒོར་དུང་ཕྱུར2བཏང་བའི་དུད་ཚང་སྟོང་གི་བོད་སྡེ་དང་། ཁམས་ལྷོ་ཡུལ་སྐོར་འདུས་འགྲེམས་ལྟེ་གནས། སྐར་ཚོགས་སྤྱི་གླིང་སོགས་རིག་གནས་ཡུལ་སྐོར་ལས་གཞི་བཅས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་སྐྲུན་བཞིན་ཡོད། 2025ལོར། ལི་ཐང་རྫོང་གིས་ཡུལ་སྐོར་བ་མི་ཁྲི475.57ལ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར52.31ལ་ཟིན་པ་དང་། “མཁའ་དབྱིངས་གྲོང་ཁྱེར”གྱི་ཟོང་རྟགས་སྔར་བས་སྐད་གྲགས་གཏོང་བཞིན་ཡོད།

ཡུལ་མི་ཚེ་རིང་གིས་སྔོན་ཆད་དགུན་ཁར་དྲོད་བརྟེན་ས་གཙོ་བོ་ལྕི་བ་དང་གློག་ཐབ་ཡིན་པས་དེ་འདྲ་མི་དྲོད་བར་མ་ཟད་ཉེན་ཁ་ཡོད་པ་དང་། དེང་སང་གཅིག་བསྡུས་ཀྱིས་དྲོད་མཁོ་འདོན་བྱས་ནས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། 2025ལོར། ལི་ཐང་རྫོང་གིས་སྒོར་དུང་ཕྱུར1.77བཏང་ནས་དུམ་རིམ་དང་པོ་དང་གཉིས་པའི་དྲོད་གཏོང་ལས་གཞི་བསྐྲུན་ཏེ། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི14.8ལ་ཁྱབ་པ་རེད།

སྒོར་དུང་ཕྱུར8.7བཏང་ནས་གྲོང་ཁྱེར་མཛེས་བཟོས་བྱས་པ་དང་། སྡེ་ཁུལ་རྙིང་པ24དང་སྲང་ལམ56ཉམས་གསོ་བྱས་ཡོད། སྒོར་དུང་ཕྱུར1.3བཏང་ནས་དགེ་བསྙེན་གྲོང་རྡལ་གྱི་ཞིང་སྡེའི་ལམ་སོགས་འགྲིམ་འགྲུལ་ལས་གཞི14ལག་ལེན་བསྟར་བ་དང་། གྲོང་སྡེའི་དུད་ཚང་གི་གསང་སྤྱོད་ཁྱབ་ཚད་བརྒྱ་ཆ100ལ་ཟིན་ཞིང་། རང་སྦུག་ཆུ་ཁྱབ་ཚད་དང་སྤུས་ཚད་ཇེ་མཐོར་འགྲོ་བཞིན་ཡོད། གྲོང་ཁྱེར་དོ་དམ་འཛུགས་སྐྲུན་དང་། འགྲིམ་འགྲུལ་ལམ་ཐིག། གྲོང་སྡེའི་རྣམ་པ་སོགས་ཇེ་ལེགས་སུ་སོང་ནས་དེ་གའི་མང་ཚོགས་འཚོ་བ་སྐྱིད་པ་དང་ལས་ཞུགས་བདེ་བའི་སྤྱི་ཚོགས་ཀྱི་རྣམ་པ་གསར་པ་མངོན་བཞིན་ཡོད།

ལོ་ཧྲིལ་པོར་ནགས་འཛུགས་གསོ་སྐྱོང་མུའུ་ཁྲི1བྱས་པ་དང་། ཉམས་ཞན་ནགས་ཚལ་མུའུ3000ཉམས་གསོ་བྱས་པ། བྱེ་འགྱུར་བཅོས་སྐྱོང་མུའུ་ཁྲི4.5བཅས་ལེགས་གྲུབ་བྱུང་བ་དང་། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་དང་ཆུ་བོའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་བརྒྱ་ཆ100རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་ཡོད་པས་རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཡིད་དབང་འཕྲོག་པ་ཞིག་ཆགས་ཡོད།

སྨན་བཅོས་འགན་བཅོལ་ཞབས་ཞུའི་ས་ཚུགས་སྡེ་ཁུལ་དུ་བཙུགས་ཏེ་སྨན་བཅོས་རྩིས་བརྒྱབ་སྔར་ལས་སྟབས་བདེར་ཕྱིན་ཡོད། ལི་ཐང་རྫོང་གི་སྨན་བཅོས་འགན་བཅོལ་ཞབས་ཞུ་སྡེ་ཁུལ་དུ་བསྒྲུབས་སྟངས་ནི་ཁུལ་ཡོངས་ལ་མཚོན་ན་ཞབས་ཞུ་ལས་སྟངས་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། 2025ལོར། གྲོང་ཁྱེར་དང་ཡུལ་སྡེ་ཡུལ་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུ་ཁྱོན་ཡོངས་ལ་ཁྱབ་ནས་མང་ཚོགས་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་དང་དེ་བས་སེམས་ཁྲལ་མེད་པ་ཆགས་ཡོད།

སློབ་གསོ་དང་སྨན་བཅོས་མཉམ་པོ་འཕེལ་རྒྱས་བྱུང་བ་སྟེ། རྫོང་སློབ་འབྲིང་ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ་དང་རྒྱལ་ཡོངས་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭར་གདེང་འཇོག་ཐོབ། རྫོང་གིས་སྒོར་ཁྲི300བཏང་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་གྱི་བྱ་དགའ་སྤྲད་དེ། ཁུལ་རིམ་པའི་རྐང་འཛིན་དགེ་རྒན18གསོ་སྐྱོང་བྱས་པ་དང་། སྤྱི་བཏང་འབྲིང་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད་དུས་མཚུངས་ལས་བརྒྱ་ཆ12འཕར་ཡོད། སྨན་བཅོས་ཁྱབ་ཁོངས་སུ། དཀར་མཛེས་ཁུལ་མཐོ་སྒང་གཉིད་ལོག་འབྱིན་རྔུབ་འགོག་རྐྱེན་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་མཐོ་སྒང་གསོ་རིག་ལྟེ་གནས་ལི་ཐང་ཡུལ་དངོས་ཞིབ་འཇུག་རྟེན་གཞི་སྔ་རྗེས་སུ་སྒོ་བྱང་བཀལ་བ་དང་། མཐོ་སྒང་གི་ནད་རིགས་ཞིབ་འཇུག་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་གལ་ཆེན་གྱི་རྒྱབ་སྐྱོར་ཐོབ་པས། མང་ཚོགས་ཀྱི་བདེ་ཐང་ལ་དེ་བས་སྨན་བཅོས་ཀྱི་འགན་སྲུང་ཐུབ་པ་བྱུང་ཡོད།

དམངས་འཚོ་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་ལས་བརྒྱ་ཆ59བཟུང་བ་དང་། རོགས་སྐྱོབ་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་སྤྲད་ཚར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆ4.2ནང་ཚོད་འཛིན་བྱས་ཡོད། ཞིང་པ་ལས་མི110ལ་གླ་ཕོགས་མ་རག་པ་སྒོར་ཁྲི122.11ཚུར་ལེན་ཐུབ་པ་སོགས་དམངས་ཕན་གྱི་དོན་དངོས་མང་པོ་བསྒྲུབས་ཡོད།

2025ལོར། ལི་ཐང་རྫོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལམ་བུར་གོམ་སྟབས་བརྟན་པོས་བསྐྱོད་པ་དང་། སྐྱེ་ཁམས་སྔོན་ལ་བཞག་པ་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་རྩ་བར་འཛིན་པ། མཐུན་སྒྲིལ་འབད་བརྩོན་བཅས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐབས་ལམ་ཞིག་བཏོད་ཡོད། མ་འོངས་པར། ལི་ཐང་རྫོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་མུ་མཐུད་དེ་ཁྱོན་ཡོངས་ནས་ལག་ལེན་བསྟར་ནས། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་འགན་གཙོ་བོ་ནན་འཛིན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱང་བསྐྱོད་ཁྲོད། “མཁའ་དབྱིངས་གྲོང་ཁྱེར”གྱིས་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)