国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངའི་སློབ་ཕྲུག་ཚོ།

མི་ཚེའི་ཆུ་རྒྱུན་རིང་པོའི་ཁྲོད། དགེ་རྒན་གྱི་ལས་རིགས་དེ་ཟམ་པ་ཞིག་དང་འདྲ་བར་ཤེས་བྱའི་རྒྱ་མཚོ་ཆེན་པོ་དང་ན་གཞོན་གྱི་སེམས་ཁམས་སྦྲེལ་མཐུད་བྱེད་ཀྱི་ཡོད། ང་ནི་དེའི་བར་ལམ་ཁྲིད་པ་ཞིག་ཏུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཕུགས་འདུན་གྱིས་ཁེངས་པའི་སློབ་མ་སྐོར་ཞིག་དང་མཉམ་དུ་བརྗེད་མི་རུང་བའི་འགྲུལ་བཞུད་ཅིག་བརྒྱུད་ཡོད། དེ་རིང་ངས་ངའི་སློབ་མ་ཚོ་དང་སློབ་ཁྲིད་ཀྱི་འཚོ་བའི་ཁྲོད་དུ་རྗེས་ཤུལ་ཟབ་མོ་བཞག་པའི་ན་གཞོན་གྱི་ངོ་གདོང་དེ་དག་སྐོར་གླེང་འདོད།

བགྲང་བྱ་དུ་མའི་འཚར་ལོངས་ཀྱི་ལང་ཚོ་དཔེ་ཆ་དང་འབྲི་དེབ་ཀྱི་ཀློང་ནས་འདས་པའི་ངའི་སློབ་ཕྲུག་ཚོ། མི་འགྱངས་བར་སྐྱ་རེངས་གསར་པ་ཞིག་དང་ལྷན་དུ། རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མ་འོངས་པའི་ལམ་ལ་ཆས་དགོས། མི་འགྱངས་བར་ཆར་ཟིམ་འབབ་ཅིང་མེ་ཏོག་བཀྲ་བའི་དབྱར་ལྗོངས་དང་མཉམ་དུ། འཕུར་ལ་རེམ་པའི་ངའི་སློབ་ཕྲུག་ཚོས་གྲུབ་འབྲས་ཀྱི་དཔའ་དར་མཁའ་དབྱིངས་སུ་སྒྲེང་ཞོར་ལམ་ལ་ཆས་དགོས། ལམ་ལ་ཆས་དགོས་པས། ཡིད་ཆེས་དང་བརྩེ་བས་བཅིངས་པའི་ཁྱོད་ཚོའི་དགེ་རྒན་གྱི་ཡིད་སེམས་ལ་ཁའི་དར་ལྕོག་དང་འདྲ། སྙིང་གཏམ་དང་དགོད་སྒྲ་འཁྱིལ་བའི་མཉམ་འཛོམས་ཀྱི་དུས་ཟླ་དྲན་དུས། ཚན་རིག་དང་དཔལ་འབྱོར་གྱི་མེ་ལྕེ་མཆེད་པའི་དུས་རབས་འདིར། བྲེལ་ཟིང་དང་འགྲན་རྩོད་ཀྱི་རླབས་ཕྲེང་འཕྱུར་བའི་དུས་རབས་འདིར། ཁྱོད་ཚོ་ནི་མ་འོངས་མཛེས་པར་བྱེད་པའི་བཀྲག་མདངས་ཅན་གྱི་མེ་ཏོག་ཡིན། ཁྱོད་ཚོ་ནི་མི་རབས་འདིའི་འོད་ཟེར་རབ་ཏུ་འཕྲོ་བའི་མུ་ཏིག་རྡོག་པོ་ཡིན། བཤད་སྲོལ་ལ། ལང་ཚོ་ནི་དྲག་ཏུ་འབབ་པའི་ཆུ་བོ་ཡིན་ཟེར། ལང་ཚོ་ནི་བཞད་མ་ཐག་པའི་མེ་ཏོག་ཡིན་ཟེར། གང་ལྟར། ལས་དབང་ལ་བཟློག་ཐབས་དཀའ་བས་དམིགས་ཡུལ་རེ་རེ་དང་རེ་སྨོན་རེ་རེ་བཅངས་ཏེ། ལང་ཚོའི་དུས་བཟང་དང་བསྟུན་ནས་དཔའ་སྟོབས་ཀྱི་གོ་ཆ་སྤྲས། མདུན་མཆོངས་ཀྱི་སྙིང་རུས་བསྐྱེད་དེ་ཀྱག་ཀྱོག་གི་ལམ་བུ་གདོང་གིས་བསུས། འབའ་འབུར་གྱི་དཀའ་ཚེགས་འབད་པས་སེལ། འབྲས་བཟང་དང་རྒྱལ་ཁའི་རྟགས་མ་སེམས་ལ་སྒོམ་པའི་དགེ་རྒན་ངས། ཁྱོད་ཅག་གི་བཞིན་ལ་འཛུམ་མདངས་རྒྱས་པའི་སྨོན་འདུན་ཞུ། རེ་ཆད་དང་སྡུག་ཡུས་མེད་པར་ཁྱོད་ཅག་ལམ་ལ་ཆས་ན། བགྲོད་མ་མྱོང་བའི་བཞུད་ལམ་རིང་མོར་འདོད་དོན་ཐམས་ཅད་ཆར་དུ་བསྙིལ་བའི་རྟེན་འབྲེལ་ཞུ། སུན་སྣང་དང་དངངས་འཚབ་མེད་པར་ཁྱོད་ཅག་ལམ་ལ་ཆས་ན། ཉམས་དགའ་བའི་ཁོར་ཡུག་ཅིག་གིས་སྤྲོ་སྣང་གི་བདེ་བ་ཡུན་དུ་སྦྱིན་པར་ཤོག།

ངའི་སློབ་མ་ཚོར། རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་ཡོད། དེ་དག་ནི་མཚན་མོའི་མཁའ་དབྱིངས་སུ་འོད་འཚེར་བ་དང་གཉིས་སུ་མ་མཆིས། ཁོ་ཚོ་དང་འབྲེལ་འདྲིས་བྱེད་པའི་དུས་རིམ་ལ། ངས་ཉན་པ་དང་། ཤེས་རྟོགས། བརྩི་འཇོག་བཅས་ཀྱི་སྐོར་དུ་མ་ཞིག་ཤེས་བྱུང་། གང་ལྟར་སློབ་མ་རེ་རེའི་འཚར་ལོངས་ཀྱི་གཏམ་རྒྱུད་ནི་ངའི་སློབ་ཁྲིད་ཀྱི་འཚོ་བའི་ཁྲོད་ཀྱི་ཆེས་རྩ་ཆེན་གྱི་རིན་ནོར་ལྟར་གྱུར་ཡོད། ཁོ་ཚོས་ང་ལ་རྒྱུན་འཁྱོངས་དང་། སྤོབས་པ། གསར་གཏོད་བརྩེ་དུང་བཅས་རང་བཞིན་གྱིས་སློབ་གསོ་དང་སྐུལ་ལྕག་ཐོབ་སོང་། དེ་དག་གིས་ངའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སྔོན་དུ་བྱུང་མྱོང་མེད་པའི་ཡར་རྒྱས་ཐོབ་པར་མ་ཟད། ངའི་མི་ཚེའི་འགྲུལ་བཞུད་ཁྲོད་མེད་དུ་མི་རུང་བའི་ཕྱོགས་སྟོན་འཁོར་ལོ་ཞིག་ཏུ་གྱུར་ཡོད།

ནམ་རྒྱུན་མཚན་མོར་ལྷིང་འཇགས་སུ། འདས་ཟིན་པའི་ལམ་བུ་དེའི་དོན་ཕྲན་རེ་རེར་ཕྱིར་དྲན་བྱེད་སྐབས། སེམས་སུ་རྟག་ཏུ་བཀའ་དྲིན་གྱིས་ཁེངས་ཡོད། ངས་སློབ་མ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་ཚོས་ངའི་འཇིག་རྟེན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅིང་། དགེ་རྒན་ཞིག་ཡིན་པའི་བདེ་སྐྱིད་དང་འགན་འཁྲི་ཡང་མྱོང་ཚོར་གཏིང་ཟབ་བྱུང་ཡོད། འབྱུང་འགྱུར་གྱི་ཉིན་མོར་ངས་མུ་མཐུད་དེ་ངའི་སློབ་མ་ཚོ་དང་ལག་གདང་སྦྲེལ་ནས་ཤེས་བྱའི་རྒྱ་མཚོ་ཆེན་པོ་འཚོལ་ཞིབ་བྱས་ཏེ། མཉམ་དུ་འཚར་ལོངས་དང་ཕུགས་འདུན་གྱི་གཏམ་རྒྱུད་བྲི་ངེས་ཡིན།

ཆེས་གཅེས་སུ་འོས་པའི་ངའི་སློབ་མ་རྣམ་པ། ཁྱོད་ཅག་ནི་ངའི་སློབ་ཁྲིད་ཀྱི་འཚོ་བའི་ཁྲོད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་ལ། ངའི་སེམས་ཀྱི་རྟག་བརྟན་གྱི་དྲན་ཤེས་ཀྱང་ཡིན།

༼ བཀྲ་ཤིས་དབང་འདུས།༽