国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་གླིང་གི་ཞོགས་པ།

ཞོགས་པའི་ཉི་འོད་ཤར་རི་ལས་འཚེར་བས།

ཆུ་བོའི་འགྲམ་གྱི་སློབ་གླིང་གསེར་གྱིས་བརྒྱན་པ་

ལྟར་མཚར་ཞིང་སྡུག།

བགྲང་མི་ཚར་བའི་ཞོགས་པ་རེ་རེར།

སྒེའུ་ཁུང་ལས་མཐོང་བའི་ཤེས་རིག་གི་ཕ་ས་འདི།

ལྷ་ཡུལ་ལ་འགྲན་བཟོད་ཅིང་མི་ཡུལ་ལ་གཏམས་རི་བས།

ཆུ་བོའི་རྦ་རླབས་དང་འགྲོགས་པའི་དཔེ་ཀློག་གི་

སྒྲ་དབྱངས་རྣ་བར་སྙན།

ཉི་འོད་ཀྱི་བྱིན་རླབས་ཕོག་པའི་སློབ་གླིང་འདིར།

གནའ་བོའི་ཤེས་རབ་ལ་དད་བཀུར་ཆེ་ཞིང་།

དུས་རབས་ཀྱི་དཔལ་ཡོན་ལ་མཁྱེན་པ་རྒྱས་པའི།

དྲིན་ཆེ་ལ་བཀའ་བཙན་པའི་དགེ་རྒན་དག།

སློབ་དཔོན་ཨ་ནུའི་དམ་ཚིག་བསྲུངས་ཏེ།

མདུན་སྐྱོད་ཀྱི་ལམ་སྟོན་མཛད་པར་བྲེལ།

ཨ་མའི་སྨོན་ལམ་དང་འགྲོགས་ཤིང་།

ཨ་ཕའི་བསླབ་བྱ་དང་འདྲིས་ཏེ།

མཁས་པའི་ལེགས་བཤད་ཀྱི་པོ་ཏི་མང་པོ་རྒྱབ་ཏུ་ཁུར་ནས།

རིག་པའི་རྩལ་ལ་འགྲན་ཏེ་དམ་པའི་ཚུལ་བསླབ།

དབྱངས་གསལ་སོ་བཞི་གྲེ་བར་བསྐྱིལ་ནས།

མེས་པོའི་ལོ་རྒྱུས་ཀྱི་དབྱངས་རྟ་གྱེར་ཏེ།

ཤེས་རིག་དང་ཡོན་ཏན་གྱིས་རྒྱུད་ཐུལ་བའི།

ཁོག་པའི་སྙིང་ལྟ་བུའི་གཞོན་ནུ་ཚོ་སློབ་སྦྱོང་ལ་བྲེལ།

མཐར་ཕྱིན་དང་གསར་ཞུགས་ཆུ་བོ་བཞིན་རྒྱུན་རིང་བས།

ཐུན་མོང་གི་རེ་སྨོན་ཡང་ཞོགས་པ་དང་འགྲོགས་ནས་ཡོད།

༼ བཀྲ་ཤིས་གཡང་སྒྲོན།༽