མི་མང་པོ་ཞིག་དང་མཉམ་དུ་འདྲིས་ཤིང་འགྲོགས་ནས་ཡོང་མཐར། ཨ་གསར་གྱི་ཆོམ་སྒྲ་ལས་རྙེད་པའི་གནས་སྐབས་ཀྱི་གཅེས་སྤྲས་དེར། ཡིད་རྟོན་རུང་བ་ཞིག་ཡེ་ནས་མིན་པ་ཚོར། ཕྲན་ནི་ཆུང་དུས་ནས་མི་མང་པོར་གྲོགས་བསྒྲིག་རྒྱུར་དགའ་མཁན་ཞིག་ཡིན། ངོ་ཤེས་པར་གྱུར་ནས་ལོ་ཟླ་མང་པོ་བརྒལ་མྱོང་བའི་གྲོགས་པོ་ཁྱུ་གཅིག་དང་ལྷན་དུ་འཚོ་བཞིན་ཡོང་མྱོང་།འོན་ཀྱང་།ནར་སོན་གྱི་གོ་རིམ་ཁྲོད་ནས། རང་རང་གི་སྣང་བ་རྒྱུ་ཕྱོགས་ཙམ་གྱིས། སྔར་གྱི་བརྩེ་འདང་དང་ཞི་མཐུན་གྱི་སྣང་བ་ཕྲ་མོ་འཇམ་ཅག་གེར་བཞུད་སོང་། སྐྱིད་སྡུག་གི་དཔུང་བ་གཤིབ་སར་བསླེབས་དུས། རྒྱབ་ནས་སྐྱོར་མཁན་ཉུང་ལ། མདུན་ནས་འཐེན་མཁན་མེད་པར་ཞིག་ལོག་སོང་། དེ་བས། ངས། རང་སེམས་ནང་དུ་བཀུག་ནས། དཔེ་དེབ་རེ་ཟུང་བལྟས་མ་ཐག། གྲོགས་ལ་བཟང་ངན་གྱི་ཁྱད་པར་ཡོད་པར་རྟོགས་ནས་དཔྱད་གསུམ་གྱིས་གཏན་འབེབས་བྱས། རང་ཉིད་ཀྱིས་རང་ཉིད་རྙེད་ཅིང་། མི་རང་རང་གི་རིན་ཐང་གི་ལྟ་བ་དང་བློ་གྲོས་ཀྱི་བང་རྩལ་ཇེ་མཐོར་གཏོང་ཐུབ་པའི་དགེ་མཚན་སྣ་མང་རྙེད།ཕྱིས་སུ་སྐྱིད་སྡུག་གང་ཞིག་འཕྲད་ཀྱང་རང་གི་མགོན་སྐྱོབ་ནུས་པའི་ཐབས་ལམ་གཞལ་མེད་ཅིག་འཕྲལ་གྱིས་ཐོབ། དེ་ནས་བཟུང་། འགྲོ་བ་མིའི་རིགས་ཀྱི་འཚོ་ཐབས་དང་ཤེས་བྱ་སྣ་ཚོགས་སྦྱིན་པར་བྱེད་པ་དང་མིག་རྒྱང་བསྐྱེད་པར་བྱེད་པའི་དཔེ་ཆ་དག་ནི། ངའི་གྲོགས་པོ་ཡག་ཤོས་སུ་གྱུར་སོང་།
དཔེ་ཆ་ལ་བརྟེན་ནས་ངའི་བསམ་བློའི་ཚད་ཇེ་མཐོར་སོང་བར་མ་ཟད། འཇིག་རྟེན་གྱི་ལྟད་མོ་མཐའ་དག་མལ་ཁྲིའི་སྟེང་ལ་བསྡད་ནས་ལྟ་ཆོག་པ་དང་། མི་གཞན་གྱི་ཉམས་མྱོང་གིས་བཞག་ཅིང་། ཤེས་རབ་ཀྱིས་བསྩལ་བའི་ལམ་ཡིག་མང་པོ་ཤོག་ངོས་ཐེད་པོ་དག་དེད་ནས་དལ་གྱིས་རིག་ཐུབ་པ་བྱུང་།ད་དུང་། རང་ཉིད་ཀྱི་འཚོ་བ་རོལ་ཕྱོགས་དང་། མདུན་གྱི་དམིགས་འབེན་སོགས་ཀྱི་ལས་དབང་གི་གདོང་རིས་བསྒྱུར་བཀོད་ལེགས་པོར་བྱེད་ཐུབ་པའི་ཕན་པ་མངོན་སུམ་དུ་སྨིན་བྱུང་། དེ་བས། ངའི་རྩེད་རོགས་ཡག་ཤོས་དེ་དཔེ་ཆ་ཁོ་ན་ཡིན་པར་རློམ།
ཁྱོན་ཆུང་ཞིང་ཁོར་ཡུག་དོག་པའི་ས་ཆ་ཞིག་ནས། དཔེ་ཀློག་མང་པོ་བྱས་ཐུབ་ཚེ། གནའ་དེང་གི་འཇིག་རྟེན་གྱི་མཛེས་སྡུག་རོལ་མྱོང་བྱེད་ཐུབ་པ་དང་། ཚོར་བས་དབྲད་ནས་རང་ལ་འབྱོར་བའི་ཡིག་འབྲུ་རེ་རེར་བརྩེ་དུང་རྣལ་མ་ཞིག་ཆགས་རྒྱུ་འདུག། ཁ་ཡོད་ལག་ཡོད་ཀྱི་རྒྱལ་ཁབ་མང་པོའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མང་པོ་སྤྱན་ལམ་དུ་འཕྱུག་མེད་ངང་བསྟར་ཐུབ་ཅིང་། ནུས་མེད་ཀྱི་འཆར་སྒོས་སྟོང་འདང་ཀློང་ནས་རྣམ་གཡེང་གི་གྲོག་རོང་དུ་འཕེན་ལ་ཉེ་བར་རྩོམ་དུས། བསླུ་བ་མེད་པར་བདེན་སྐྱོང་གི་ལེགས་ཚོགས་གནང་མཁན་དེ་དཔེ་ཆ་རེད། མི་ཞིག་གིས་རང་ཉིད་རིན་པོ་ཆེ་ལྟ་བུ་ཞིག་གཏང་དགོས་ཚེ། ངེས་པར་དུ་དཔེ་ཆ་ནི་དེ་སྒྲུབ་བྱེད་ཀྱི་ས་བོན་ཁོ་ནར་སྣང་། དེ་བས། ངས།འགྲོ་རོགས་འདུག་རོགས་ཉལ་རོགས་དང་བཅས་དཔེ་ཆ་འབའ་ཞིག་ཡིན་ན་བསམ།
ཁེར་རྐྱང་དང་སེམས་ངལ་གྱིས་མནར་དུས། བཅོས་མའི་ཁ་ཡག་ངོ་འཛུམ་གྱི་རྫུ་བག་མེད་པར་། བསླུ་བྲིད་དང་མགོ་སྐོར་གྱི་དྲི་མ་ཡོངས་བྲལ་འོག་ཏུ། ལེགས་ཉེས་ཀྱི་གསལ་ཁ་བསྟན་པར་མ་ཟད། ཐབས་ཤེས་ཡོད་རྒུ་གུད་དེ་ཅི་བྱ་གཏོལ་བྲལ་གྱི་སྐབས་སུ། སྐྱོ་གདུང་གི་མུན་པ་སེལ་མཁན་ནི་ལག་ཏུ་ཐོགས་པའི་རྒྱབ་ཤོག་རལ་བའི་དཔེ་ཆ་འདི་དག་རེད།དེ་བས།ངས་ཚེ་རོགས་ཡག་ཤོས་ནི་དཔེ་ཆ་ཁོ་ན་ཡིན་ཞེས་བདམས་པ་ཡིན།
དཔེ་དེབ་ནི་མཁས་པ་དག་གི་རྣམ་ཤེས་ལས་འཁྲུངས་རྐྱེན། གང་ཟག་སུ་ཞིག་གིས་བསམ་གཞིག་ངང་བཀླགས་གྲུབ་ཚེ་མི་ཚེ་ལ་འོད་སྣང་སྦྱིན་པར་གདོན་མི་ཟའོ། གཞན་ཕུགས་བསམ་དང་རེ་འདུན་ཅན་གྱི་རིགས་ཤིག་ཡིན་ཚེ། དཔེ་ཆ་ནི་དོན་སྙིང་ལྡན་པའི་ཁྱོད་ཀྱི་ལམ་བྲོ་ངོ་མ་དེ་རེད་སྙམ། དཔེ་ཀློག་མང་པོ་བྱེད་ནུས་ཚེ་ཤེས་རྟོགས་ཇེ་རྒྱས་འགྲོ་བ་དང་། དུས་རབས་གོང་མའི་མཁས་པ་མང་པོ་དང་ལྷན་དུ་བགྲོ་གླེང་ཕུན་སུམ་ཚོགས་པ་བྱེད་ཐུབ་ཀྱིན་ཡོད་ལ། བསམ་བློ་བརྗེ་རེས་བྱས་ཏེ་རང་ཉིད་མི་གྲལ་དུ་ཚུད་པར་རོགས་དན་ཆེན་པོ་བྱེད་བཞིན་བདོག་པར་མངོན། མི་སུ་ཞིག་ཡིན་ཡང་བླ། བསྲེགས་བཅད་བརྡར་གསུམ་བྱས་པའི་གསེར་བཙོ་མ་ལྟ་བུ་ཞིག་འགྱུར་འདོད་ན།དཔེ་ཀློག་རྒྱུན་འཁྱོངས་བྱས་ཏེ་འཚོ་བ་རོལ་དང་། ཁྱོད་ཉིད་སྔར་ལྟར་མུན་ནག་ནས་མགོ་བོ་འཁོར་མི་སྲིད་ལ། འཁོས་ཞན་གྱི་རྨི་ལམ་དེས་མནར་གཅོད་དང་རྡུང་རྡེག་གཏོང་མི་ནུས་ཞེས། སྐད་ཆ་དེ་གདེང་སྤོབས་ཀྱིས་བསྙད་ཀྱང་མཚང་དུ་མི་འགྱུར་བའི་ངེས་ཤེས་ཤིག་བདག་ལ་མཆིས་སོ།།
༼ གངས་ཆབ་ལྷ་སྲས། ༽
