ལོ་རྒྱུས་ཀྱི་སྙན་པར་གྲགས་པའི་འདན་མ་ལུང་པ་ནི་ཕྱོགས་བཞི་མཚམས་བརྒྱད་ས་འཛིན་ཕྲེང་བས་བསྐོར་ཡོད་ཅིང་། ཡུལ་གྲུ་འདི་ན་དད་པའི་སྤུ་ལོང་རྒྱས་པའི་གནའ་བོའི་མཛད་པ་ལེགས་པར་བསྐྱངས་པའི་ཞབས་རྗེས་དག་མིག་གི་དཔྱིད་དང་རྣ་བའི་བདུད་རྩི་རུ་སིམ་འོང་།
སྐར་ཚོགས་འབྱེད་འཛུམ་བྱེད་པའི་ས་སྲོད་ཀྱི་དུས་སུ་སེམས་པ་ལྷོད་ལྷོད་ངང་ནས་སྒེའུ་ཁུང་ཕྱི་རོལ་ལ་བལྟས་རྗེས། དྭངས་གཙང་གི་འབྲི་ཆུའི་འགྲམ་ངོགས་གཉིས་སུ་མཛེས་སྡུག་གིས་བཞད་པའི་འཇིག་རྟེན་ཆུང་ཆུང་འདི་གློག་ཞུན་སྒྲོན་མེ་སྟོང་གི་ཀློང་ན་གཟིམ་པར་ཉེ།
སྙན་པའི་བ་དན་གཡོ་བའི་ནང་ཆོས་ཀྱི་བསྟི་གནས། ཏིང་འཛིན་སྒོམ་དུ་བཞུགས་པའི་པདྨ་རི་བོ་འདི་ཉིད་ལ་དུད་ཁྱིམ་མང་པོས་བགྲངས་ལས་འདས་པའི་གློག་སྒྲོན་གྱི་མཆོད་པ་བཤམས་པར་མ་ཟད་འབྲི་ཆུའི་དར་དཀར་རིང་མོ་པདྨ་རི་བོའི་པང་བར་བསྒྲོན་པས་ཀྱང་མཛེས་སྡུག་ལྷུན་གྱིས་གྲུབ་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་ཆགས་ཡོད། འཇམ་ཐིང་ཐིང་དང་ཁུ་སིམ་སིམ་གྱི་ཁོར་ཡུག་འདིའི་ཡུལ་དངོས་ན་མཐོང་ཐུབ་པ་ནི་ང་རང་ཁེར་རྐྱང་གི་ལྗོངས་རྒྱུ་བ་ཞིག་དང་གཉིས་སུ་མ་མཆིས།
མོག་མོག་གི་སྨག་རུམ་ཁྲོད་ན་ཀྲོང་ངེར་འགྱིང་བའི་པདྨ་རི་བོའི་གཟི་ཉམས་ལ་མཚར་གྱིན་ང་རང་འདས་ཟིན་པའི་པདྨ་རི་བོ་དང་འབྲེལ་བའི《གཏམ་པདྨའི་ཚལ་གྱི་ཟློས་གར》ལ་སེམས་པ་ཤོར་བས་ཇ་ཐུན་ཞིག་ལ་གསེར་སྦྲང་དང་གཡུ་སྦྲང་གི་གཤོག་འགྱུར་དང་བསྟུན་ནས་འདན་མ་ཡུལ་གྱི་གནས་འགངས་ཆེན་པདྨ་རི་ལ་ནང་སེམས་ཀྱིས་གནས་མཇལ་ཞིག་མི་བྱ་བའི་རང་དབང་ཅི།
གློ་བུར་དུ་དྲག་ཆར་འབབ་པའི་སྔ་ལྟས་ལྟ་བུའི་འབྲི་ཆུའི་རླབས་སྒྲ་དེས་ངའི་བསམ་གཞིག་གི་ཚོར་འདུ་དཀྲོགས་ཏེ་ངས་གོམ་པའི་འདེགས་འཇོག་མལ་ཁྲིའི་ཕྱོགས་ལ་བསྒྱུར།
༼ དཔལ་ཆེན་ཚེ་རིང་།༽
