མཛའ་གཞས་ཆོལ་ཁ་དར་མདོ་གྲོང་ཁྱེར་དུ་ཡུལ་སྐོར་ལ་བརྟེན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་སྡེ་ཆུང་ཆུང་ཞིག་ཡོད་པ་དེའི་མིང་ལ་ས་དཀར་འགོ་གྲོང་སྡེ་ཟེར། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་རྒྱུན་ཆད་མེད་པར་བསྐུལ་བ་དང་བསྟུན་ནས། རི་གསེང་དུ་སྦས་པའི་གནས་མཆོག་གྲོང་སྡེ་དེའི་རྣམ་པ་བཟང་པོ་ཡང་ཕྱི་རོལ་ཡུལ་གྱི་ཁྲ་ཆུང་མིག་གི་མཐོང་ཡུལ་དང་དར་ལུང་རྣ་བའི་ཚོར་ཡུལ་དུ་གྱུར། 2014ལོར་གྲོང་སྡེའི་ཡུལ་མི་ཚོས་སྲིད་ཇུས་དང་གོ་སྐབས་དམ་དུ་བཟུང་ནས་ཚ་ཚ་འུར་འུར་གྱིས་གནས་ཚང་གཉེར་བའི་འགོ་བརྩམས་ཏེ་ད་ལྟའི་བར་སྔ་རྗེས་སུ་གནས་ཚང30ལྷག་བཙུགས་ཡོད། སྔར་མ་གནས་ཚང་ཞེས་པའི་དོན་ནི་ཞག་མ་སྡོད་སའི་ཁྱིམ་ཚང་ལ་གོ་ཞིང་གནས་ཚང་གཡར་དུས་ཀྱང་རིན་པ་སྤྲད་མི་དགོས་ལ། ད་ལྟའི་དུས་སུ་གནས་ཚང་ཞེས་པ་ནི་ཡུལ་མི་ཚོས་རང་གི་སྡོད་ཁང་ལྷག་མ་དག་འགྲུལ་ཁང་དུ་བསྒྱུར་ནས་ཡོང་འབབ་རག་ཐབས་ཀྱི་ཁྱིམ་ཚང་འགྲུལ་ཁང་ལ་གོ་དགོས། གནས་ཚང་དེ་ཚོའི་ནང་དུ་སྐར་རིམ་གསུམ་བཞི་ཅན་གྱི་གནས་ཚང་ཡག་པོ་ཡང་མེད་པ་མིན་ཏེ། རང་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བས་ས་གནས་དེ་དག་ཕུད་ད་དུང་ཧེ་ལུང་ཅང་དང་ཀོང་ཏུང་། ཡུན་ནན་སོགས་ས་ཁུལ་གྱི་མ་རྩ་འཇོག་མཁན་ཚོང་བདག་མི་ཉུང་བ་ཞིག་གིས་ཀྱང་གྲོང་སྡེར་ཁང་པ་གླས་ནས་གནས་ཚང་ལས་རིགས་གཉེར་བཞིན་ཡོད།
ས་དཀར་འགོ་གྲོང་སྡེའི་ཡུལ་མི་ཕུའུ་མེང་ལེན་དང་ཀའོ་ཡུང་ཧྥང་གཉིས་ཀྱི་གནས་ཚང་ལས་གཏོད་གཏམ་རྒྱུད་ནི་གླེང་རིན་ཡོད་པ་ཞིག་རེད། གཅིག་གིས་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་རིག་གནས་རྩ་བར་བཟུང་ནས་སྲོལ་རྒྱུན་གྱི་བྲོ་བ་ཕུན་སུམ་ཚོགས་པ་མངའ་བའི་གནས་ཚང་རབ་སྒང་གླིང་ག་གཉེར་བ་དང་། གཅིག་ཤོས་ཀྱིས་རིག་ནུས་ཚན་རྩལ་གཙོ་བོར་བཟུང་ནས་འགྲུལ་སྡོད་ཀྱི་མྱོང་བ་ཐུན་མོང་མ་ཡིན་པའི་གནང་ཚང་ས་དགེ་གཉེར་ཡོད། གནས་ཚང་དེ་གཉིས་ཀྱིས་སོ་སོའི་ཁྱད་གཤིས་རྩལ་དུ་བཏོན་ནས་གནས་ཚང་ཁྲོམ་རའི་འགྲན་རྩོད་ཛ་དྲག་ཆེ་བ་ལས་རྣམ་པར་རྒྱལ་ནས་དཔེ་མཚོན་དུ་གྱུར་ཡོད།
ཞིང་པའི་སྤྲོ་གསེང་ཁང་ནས་གནས་ཚང་ཡག་ཤོས་སུ་གྱུར་པའི་གནས་ཚང་
རབ་སྒང་གླིང་ག།
གནས་ཚང་རབ་སྒང་གླིང་ག་ནི་ས་དཀར་འགོའི་ས་བབ་དང་བསྟུན་ནས་བསྐྲུན་ཡོད་ལ་གོང་ནས་འོག་ཏུ་རིམ་བཞིན་སྐྱོད་སྐབས་མིག་ལམ་དུ་གནས་ཚང་ཧྲིལ་པོའི་ཡུལ་ལྗོངས་གསལ་ལྷང་ངེར་བཀྲ་བ་དང་། ཁ་གཏད་དུ་ཕག་མོ་རིའི་མཛེས་ལྗོངས་མིག་གི་བསོད་ནམས་ལོངས་སྤྱོད་དུ་བསྟབས་འདུག། ཕྱོགས་བཞིར་བར་ཁྱམས་ཀྱིས་བསྐོར་ཡོད་པ་ལས་ཁྱད་ཆོས་དོད་པའི་གྲུབ་ཆ་མང་པོ་མར་རྒྱན་སྤུངས་འདྲ་མཐོང་ལམ་དུ་མངོན། འགྲུལ་ཁང་དུ་དེང་རབས་ཀྱི་སྒྲིག་ཆས་སྤུས་ལེགས་དང་བོད་རིགས་ཀྱི་སྲོལ་རྒྱུན་གོམས་ལུགས་གཅིག་ཏུ་འདྲེས་པས་སླེབས་མ་ཐག་ལུས་སེམས་ལ་གློ་བུར་དུ་བདེ་འབོལ་ལེར་དང་ལྷོད་ཆིང་ངེར་གྱི་ཚོར་བ་དབང་མེད་དུ་སྟེར།
གནས་ཚང་གི་བར་ཐོག་ནི་རིག་གནས་ཀྱི་བཅུད་མཛོད་ལྟ་བུ་ཡིན་ཞིང་། གྱང་ངོས་སུ་འདྲ་པར་རྙིང་པ་དུ་མ་བཀལ་འདུག། གནའ་བོའི་ཚོང་འདྲེན་རྡལ་ལམ་དུ་རྡལ་པ་བརྒྱུད་པའི་གཟུགས་བརྙན་ཡོད་ལ། དར་མདོ་གྲོང་ཁུལ་རྙིང་པའི་རྣམ་པ་ཀྱང་མངོན་འདུག། གྱང་གི་ཟུར་དུ་སྣུམ་ཞག་བཀྲ་བའི་ཇ་དོ་རྙིང་པ་གྲལ་སྟར་བསྒྲིགས་ནས་བཞག་ཡོད་པ་དང་། དེ་བཞིན་རྟ་སྒ་དང་སྒྲོ་བ། ཟངས་ཀྱི་ཇ་དེམ་སོགས་ཅ་ལག་རྙིང་པ་འབོར་ཆེན་ཡང་བཤམས་འདུག། ལ་ལ་གདུང་མའི་སྟེང་དུ་བཀལ་ཡོད་ཅིང་། ལ་ལ་གནའ་ཉམས་དོད་པའི་ཤིང་ཅོག་ཏུ་བཞག་འདུག། ཕུའུ་མེང་ལེན་གྱིས་ཅ་ལག་འདི་ཚོ་ལས་ཁ་ཤས་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བ་ཡིན་ལ། ཁ་ཤས་ནི་ངས་ཕྱོགས་བཞི་ནས་འཚོལ་སྡུད་བྱས་པ་ཡིན། དམིགས་ཡུལ་ནི་འགྲུལ་པ་ཚོ་གནས་ཚང་འདིར་བསྡད་ཚེ་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་བྲོ་བ་མི་འདྲ་བ་ཞིག་ཚོར་ཐུབ་ཆེད་ཡིན་ཞེས་བཤད།
2011ལོར་ཨ་ཕ་ངེད་གཉིས་ཀྱིས་གྲོང་སྡེའི་ཞིང་པའི་སྤྲོ་གསེང་ཁང་དང་པོ་སྟེ་ཕུའུ་ཚང་གི་ཨ་ཇོ་བཞི་པའི་ཞིང་པའི་སྤྲོ་གསེང་ཁང་ཞེས་པ་བཙུགས་པ་ཡིན། སྐབས་དེར་དར་མདོར་ཞིང་པའི་སྤྲོ་གསེང་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་ཚོང་ཡང་ཧ་ཅང་བྲིན་ཞིང་འགྲུལ་པ་མང་ཆེ་བ་ས་གནས་དེ་གའི་ཡུལ་མི་དག་ཡིན། དེ་རྗེས་དར་མདོ་གནམ་ཐང་དང་གཡག་མདོ་མྱུར་ལམ་བསྐྲུན་པ་དང་བསྟུན་ནས་རང་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་ཕྱིན། ཡུལ་སྐོར་བ་མི་ཉུང་བ་ཞིག་ས་དཀར་འགོ་གྲོང་སྡེའི་ས་ཁམས་གནས་བབ་ལེགས་པོས་ཡིད་དབང་བཀུགས་པ་དང་། གནས་ཚང་འཚོལ་མཁན་ཇེ་མང་དུ་ཕྱིན་པའི་གནས་ཚུལ་ཚབས་ཆེ་ཡང་ཞིང་པའི་སྤྲོ་གསེང་ཁང་ལ་ཞག་སྡོད་ཆ་རྐྱེན་མེད་པས་རེ་ཞིག་བྱ་ཐབས་བྲལ། རྐྱེན་དེ་ལས་ཨ་ཕ་ངེད་གཉིས་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་ཞིང་པའི་སྤྲོ་གསེང་ཁང་གནས་ཚང་དུ་བསྒྱུར་རྒྱུའི་གྲོས་ཐག་བཅད་པ་ཡིན། དེ་རྗེས་མ་དངུལ་མི་འདང་བ་དང་རྒྱན་བཟོ་སྤྱི་གཉེར་ཁང་གི་མགོ་སྐོར་ཐེབས་པ། སྒྲིག་ཆས་འདེམས་ནོར་བ། ཁྱོ་གར་བསམ་ཤེས་མེད་པ་སོགས་ཀྱི་དཀའ་སྡུག་མང་པོ་མྱོང་ཡོད་པ་བཤད་ཚོད་མེད། མཐར་དངུལ་ཁང་དང་གཉེན་ཉེ་ས་ནས་སྒོར་མོ་གཡར་བ་དང་། གྲོགས་པོ་དང་མཉམ་སྡེབ་བྱས་ནས2019ལོར་མ་རྩ་སྒོར་ཁྲི500ཙམ་བཏང་སྟེ་གནས་ཚང་རབ་སྒང་གླིང་ག་བསྐྲུན་ནས་དངོས་སུ་ལས་གཉེར་ཐུབ་ཡོད། ལོ་གཉིས་རྗེས་ནས་ཁེ་སྤོགས་རག་འགོ་བརྩམས་བྱུང་།2021ལོའི་ཟླ་བ9པ་ནས2022ལོའི་ཟླ་བ7པར་གནས་ཚང་གི་ཚོང་ལས་དར་རྒྱས་ཡོང་ཞིང་། དྲྭ་ཐོག་ནས་མངག་ཐོ་རྒྱུན་ཆད་མེད་པར་ཐོན་པས་རྒྱུན་དུ་ཁང་པས་འདང་གིན་མེད། ལོ་གཅིག་མ་འགོར་བར་ཚོང་གཉེར་ཡོང་འབབ་སྒོར་ཁྲི180རག་ཡོད་ཅེས་པའི་སྐད་ཆ་ལས་ཕུའུ་མེང་ལེན་གྱི་མི་ཚེའི་གར་སྟེགས་སུ་གནས་ཚང་གཉེར་བའི་དཀའ་སྡུག་དང་དགའ་སྐྱོའི་ཟློས་གར་སེམས་འགུལ་ཐེབས་པ་མང་པོ་འཁྲབ་ཡོད་པ་ཤུགས་སུ་རྟོགས་ཐུབ།
ཕུའུ་མེང་ལེན་གྱིས་ལོ་བཅོ་ལྔའི་རིང་ལ་དཀའ་སྤྱད་འབད་བརྩོན་དང་ལས་གཉེར་བརྟན་སྲུང་བྱས་པར་བརྟེན། ད་ཆ་གནས་ཚང་རབ་སྒང་གླིང་ག་སྐར་རིམ་བཞི་པར་འཕར་ནས་ཞིང་པའི་སྤྲོ་གསེང་ཁང་དང་ཚོགས་འཛུགས། གནས་ཚང་སོགས་བྱེད་ནུས་ཀུན་ཚང་དུ་གྱུར་པར་མ་ཟད། སྔ་ཕྱིར་དར་མདོ་གྲོང་ཁྱེར་གྱི་བུད་མེད་ལས་གཏོད་དཔེ་སྟོན་བྱ་ཡུལ་དང་བུད་མེད་ཁྱིམ་གཞིས། སི་ཁྲོན་དང་ཁྲུང་ཆིང་གི་གནས་ཚང་བཟང་པོ་བཅས་ཀྱི་མཚན་སྙན་ཡང་ཐོབ་པ་དང་། མོ་རང་ཡང་ནམ་རྒྱུན་སྤྱི་ཕན་བྱེད་སྒོར་ཞུགས་དང་ཞུགས་བཞིན་ཡོད་དོ།།
གནས་ཚང་ས་དགེ་ཡིས་ཨང་ཀི་ཅན་དང་
རིག་ནུས་ཅན་གྱི་གནས་ཚང་རྩེ་གྲ་
གཉེར་བའི་འཕེལ་རྒྱས་ལམ་བུ།
གནས་ཚང་རབ་སྒང་གླིང་ག་དང་ཐག་མི་རིང་བའི་ས་ནས་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གནས་ཚང་ས་དགེ་ཆགས་ཡོད། ཕྱི་ཡི་བཟོ་བཀོད་ལེགས་ཤིང་ནང་གི་ཆོད་བཅད་བབ་དང་མཐུན་ལ་སྟབས་བདེ་ཆེ་ཉམས་དོད་པ་དང་། པང་གཅལ་ཡོད་ཚད་ཤིང་སྤུས་བཟང་པོ་ལས་གྲུབ་ཅིང་། ཚན་རྩལ་གྱི་ཐོན་རྫས་གསར་གྲས་སུ་གཏོགས་པའི་རླན་ཆས་ནས་འདྲ་བཟོ་མེ་ལྕེ་ལྷབ་ལྷབ་ཏུ་འབར་བཞིན་མཆིས་ཤིང་། གཤིས་ཚུགས་ལྷོད་བབ་དོད་ལ་དྲོ་སྐྱིད་ལྡན་པའི་ཉམས་སྣང་ཞིག་ལྷག་གེར་བར་ཐོན་པས་མི་ལ་ཉམས་དགའ་བའི་སྣང་བ་བྱིན། རིག་ནུས་སྒོ་ལྕགས་དང་སྒྲ་བརྙན་མ་ལག། རིག་ནུས་ཚོད་འཛིན་མ་ལག་སོགས་ཁང་པ་ཚང་མར་རིག་ནུས་ཅན་གྱི་ཇུས་འགོད་བྱས་འདུག། ཁྱིམ་ཆས་ཚང་མ་ནི་གནས་བདག་ཀའོ་ཡུང་ཧྥང་གིས་ཀོང་ཏུང་ཧྥོ་ཧྲན་ཁྱིམ་ཆས་བཟོ་གྲྭ་ཁག་ཏུ་ཐོན་རྫས་བདམས་ནས་ཆེད་དུ་བཟོས་པ་ཡིན་ཞིང་། སྟབས་བདེ་ཞིང་དྲས་གཙང་ལ། རྒྱུ་སྤུས་བཟང་བའི་ཐོག་མིག་སྣང་མཛའ་བ་ཡིན་པས་གནས་ཚང་ཧྲིལ་པོའི་ཆ་ལུགས་དང་ཆར་བ་ཆུ་གྲོགས་སུ་གྱུར་འདུག། ཤིང་གི་པང་གཅལ་ལ་བག་ཆགས་པོའི་ཉམས་མངོན་ཞིང་སྲ་མཉེན་ཆེ་བས་འགྲོ་དུས་རྡོག་སྒྲ་ཆུང་བའི་དགེ་མཚན་ལྡན། སྟེང་ཐོག་ཁང་དུ་རྐང་བཙུགས་ནས་རྒྱ་མཐོངས་བཞག་སྟེ་འགྲུལ་པ་ཚོས་མཚན་མོར་མལ་ཁྲིར་ཉལ་ནས་དགུང་གི་སྐར་ཚོགས་མཇལ་བའི་གོ་སྐབས་བསྐྲུན་ཡོད། ཁང་སྟེང་དུ་འཛེགས་པ་ན་ཁ་གཏད་དུ་གནས་པའི་ཕག་མོ་རི་གཙོས་པའི་དར་མདོ་གྲོང་ཁུལ་གྱི་མཛེས་ལྗོངས་མིག་ལམ་དུ་གསལ་ལྷང་ངེར་བསྡུས་ཐུབ་པས་ཁ་པར་གྱིས་རང་དགར་པར་ཁ་ཤས་མི་ལེན་རང་དབང་མེད་པར་གྱུར།
ཀའོ་ཡུང་ཧྥང་གིས་གནས་ཚང་རིག་ནུས་ཅན་རྩེ་གྲ་གཉེར་བའི་ཐོག་མའི་བསམ་འདུན་སྐོར་གླེང་བའི་ཚེ། ཡུལ་སྐོར་བའི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་རིམ་སྤར་དང་བསྟུན་ནས། སྲོལ་རྒྱུན་མགྲོན་ཁང་གི་རྒྱུན་ལྡན་ཅན་གྱི་ཞབས་ཞུ་དང་གནས་ཚང་རིམ་པ་དམའ་བའི་ངོ་བོ་གཅིག་མཚུངས་ཅན་གྱི་གནས་ཚུལ་དེ་ཡིས་འགྲུལ་པ་གནས་སྡོད་ལ་དང་དོད་ཚ་བ་ཚོའི་དགོས་མཁོ་སྐོང་དཀའ་བ་འདུག། ལྷག་པར་དུ་ད་ཆ་ཡུལ་སྐོར་བའི་ཞག་སྡོད་ཀྱི་དགོས་མཁོ་ནི་སྤུས་གོང་བསྡུར་ཚད་རྐྱང་པ་ནས་རང་གཤིས་ཅན་གྱི་མྱོང་རོལ་དང་ཇུས་འགོད་ལེགས་པོ། ཉེན་མེད་འཕྲོད་བསྟེན། བརྩེ་དུང་འབྲེལ་མཐུད་བཅས་ལྡན་པའི་ཕྱོགས་སུ་བསྒྱུར་ཟིན་པས་དེ་སྔོན་གནས་ཚང་གིས་དེང་རབས་ཡུལ་སྐོར་ལས་རིགས་དང་གནས་ཚང་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་རྩ་བ་ནས་བསྐང་ཐུབ་ཀྱིན་མེད་པས་ངེད་ཚང་གིས་སྙིང་སྟོབས་ཆེན་པོས་གསར་སྒྱུར་བྱས་པ་ཡིན། དེ་སྔོན་གྱི་སྒོར་ཁྲི20ལྷག་བཏང་ཡོད་པའི་འགྲུལ་ཁང་གི་ཚོམས་ཆེན་ཡང་བཤིགས་ནས་བསྐྱར་དུ་བཟོས་ཤིང་། ཇུས་འགོད་ཀྱི་རིན་པ་ཁོ་ནར་སྒོར་ཁྲི30ལྷག་ཤོར་ཐལ་ཞེས་བཤད།
2024ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ་གནས་ཚང་ས་དགེ་དངོས་སུ་སྒོ་ཕྱེས་ནས་འགྲུལ་པ་བསུ་བ་དང་། གནས་ཚང་རྩེ་གྲའི་གྲས་སུ་ཚུད་པས་དུས་ཆེན་མ་འཆར་གོང་ལ་ཁང་པ་ཚང་མ་སྔོན་ཐོ་བཀོད་ཚར་བ་དང་། ཁང་པ་ཡག་ཤོས་ལ་རིན་གོང་སྒོར1200ལ་རག་པར་བརྟེན། ཀའོ་ཡུང་ཧྥང་གི་གནས་ཚང་རྩེ་གྲ་གཉེར་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།
ཀའོ་ཡུང་ཧྥང་གིས་འགྲུལ་པར་ཞག་སྡོད་ཀྱི་མྱོལ་རོལ་སྔར་བས་ཇེ་ཡག་དང་ཚན་རྩལ་གྱི་ཐབས་ལ་བརྟེན་ནས་ལས་གཉེར་གྱི་ལས་ཕྱོད་ཆེ་རུ་གཏང་ཆེད་ཚམ་ཚོམ་མེད་པར་དྲྭ་ཐོག་གཉེར་སྐྱོང་ཆེད་ལས་པ་གདན་དྲངས་ནས་གནས་ཚང་དོ་དམ་བྱེད་དུ་བཅུག་པ་དང་། རིག་ནུས་སྲ་ཆས་དངAIའཁོར་སྐྱོད་མ་ལག་སྦྲེལ་ནས་ཉིན་མཚན་ཧྲིལ་པོར་འགྲུལ་པའི་དགོས་མཁོ་ཐམས་ཅད་བསྐངས་ཐུབ་པར་བྱས་ཡོད།
ངས་གནས་ཚང་གཉེར་བ་ནི་ཚོང་ལས་ཁོ་ནའི་ཆེད་དུ་མིན། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཚོར་དར་མདོ་དང་དཀར་མཛེས་ཁུལ་གྱི་མཛེས་སྡུག་མཐོང་དུ་བཅུག་པ་དང་། ཡུལ་མི་དེ་བས་མང་པོས་འཚོ་བ་སྐྱིད་པོ་རོལ་ཐུབ་པར་སྐུལ་ཁྲིད་བྱ་ཆེད་ཡིན། ད་ཆ་གནས་ཚང་ནི་ང་ཚོའི་གྲོང་སྡེའི་མིང་བྱང་གསར་པར་གྱུར་ནས་ས་གནས་དེ་གའི་ཐོན་ལས་གཞན་དག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་ཐུབ་ཡོད། འདི་ནི་གནས་ཚང་བདག་པོའི་སྤོབས་པ་ཡིན་ལ། ང་ཚོས་ཡུལ་སྡེ་དར་རྒྱས་ལ་རོགས་རམ་བྱེད་པའི་ལག་ལེན་བྱ་སྤྱོད་དངོས་ཀྱང་ཡིན་ཞེས་པའི་སྐད་ཆ་ལས་ཀའོ་ཡུང་ཧྥང་གི་སེམས་ཕུགས་ཀྱི་འདུན་པ་བཟང་པོ་ཇི་བཞིན་དུ་མཚོན་ཡོད་དོ།།
( བདེ་ཆེན་དབང་མོས་བྲིས།)
