དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་ཚེས་ལ་ཉེ་བའི་སྐབས་སུ་དཀར་མཛེས་ཁུལ་ལས་བྱེད་པ་རྒན་གྲས་ཀྱི་དཔྱིད་གསར་བསུ་བའི་ལོ་ཚོགས་ཁྲེང་ཏུའུ་རུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་ཞི(མིང་འདོན)ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་སོགས་ཁུལ་རིམ་པའི་མགོ་ཁྲིད་དང་ལས་བྱེད་པ་རྒན་གྲས་མཉམ་དུ་འཛོམས་ནས་ལོ་རྙིང་བསྐྱལ་ནས་ལོ་གསར་བསུས་ཤིང་། དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། འཕེལ་རྒྱས་སྐོར་ལ་ཐུན་མོང་དུ་གླེང་མོལ་བཅས་བྱས་པ་རེད།
ཀྲའོ་པོ་ཡིས་ཚོགས་འདུར་ཤིས་ཚིག་ཕུལ་ནས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ལས་བྱེད་པ་རྒན་གྲས་ཚོར་བླ་ན་མེད་པའི་གུས་བཀུར་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བར་མ་ཟད། ཁོང་ཚོ་བརྒྱུད་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བའི་ལས་བྱེད་པ་རྒན་གྲས་དང་ནང་མི་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད།
ཀྲའོ་པོ་ཡིས2025ལོ་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པས། ལོ་གཅིག་རིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག་ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ས་ཁུལ་གྱི་ལས་དོན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། ཁུལ་ཨུའི་སྤྱིའི་ལས་ཀའི་ཐབས་ཇུས་གཏན་ཁེལ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ནས་དཀའ་ངལ་སེལ་བ་དང་འགག་སྒྲོལ་བྱས་ཏེ་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པོར་ཐོབ་ཡོད། ལོ་འདིར། ང་ཚོས་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། ཤུགས་ཡོད་རྒུས་དཔལ་འབྱོར་ལ་འབད་བརྩོན་བྱས་ནས་འཛུགས་སྐྲུན་བྱས་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར600ལས་བརྒལ་བར་བསྐུལ་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་འབེན་མང་པོ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། ལོ་འདིར། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཚོགས་པ་དང་། སྔར་ལས་འགན་སྲུང་ལྡན་པ། སྔར་ལས་རྒྱུན་མཐུད་ཐུབ་པ་རེད།ལོ་འདིར། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་སྒོ་ནས་གསར་སྐྲུན་བྱས་པ་དང་། སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བློ་ཡིད་ཚིམ་ཚད་བསྟུད་མར་ལོ4ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལོ་འདིར། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་དམ་འཛིན་བརྟན་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་མངོན་འགྱུར་བྱུང་ཡོད་པ་རེད། གྲུབ་འབྲས་དེ་དག་ནི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་གྲས་ཀྱིས་སེམས་ཁུར་དང་ཐུགས་ཁུར།རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཁ་འབྲལ་ཐབས་མེད་ཅེས་གསུང་པ་རེད།
ཀྲའོ་པོ་ཡིས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ནང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་རྣམ་པ་གསར་གཏོད། མཆོང་བརྒལ་རྗེས་སྙེག་གིས་ལེའུ་གསར་རྩོམ་གྱི་དུས་མཚམས་གལ་ཆེན་ཞིག་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་གིས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཀྱིས་སྔར་བས་རྒྱབ་སྐྱོར་ཤུགས་ཆེན་པོ་དང་བྱས་རྗེས་འབུལ་དགོས། ལས་བྱེད་པ་རྒན་གྲས་རྣམས་ཀྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་མུ་མཐུད་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ལ་བསམ་འཆར་དང་ཐབས་ཇུས་འདོན་རྒྱུའི་རེ་བ་ཡོད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཡོད་རྒུས་ལས་བྱེད་པ་རྒན་གྲས་ཚོར་ཞབས་འདེགས་ཞུ་བ་དང་། ཚང་མའི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཏེ་ཆབ་སྲིད་ཐོག་བརྩི་འཇོག་དང་། བསམ་བློའི་ཐོག་སེམས་ཁུར། འཚོ་བའི་ཐད་ལྟ་རྟོག་བཅས་ཧུར་ཐག་བྱས་ནས་ཚང་མའི་འཚོ་བ་དེ་བས་སེམས་བདེ་དང་། སེམས་དྲོ་བ། སེམས་སྐྱིད་པ་བཅས་ཡོང་བ་བྱ་དགོས་ཞེས་གསུང་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར། )
